ཟླ9པའི་ཚེས5ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་རྩེ་ཚོགས་ལ་ཞུགས་པར་ཡོང་བའི་ན་སྨི་པི་ཡའི་ཙུང་ཐུང་མུའུ་པིན་པཱ་ལ་མཇལ་འཕྲད་གནང་།
ཟླ9པའི་ཚེས5ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་རྩེ་ཚོགས་ལ་ཞུགས་པར་ཡོང་བའི་ན་སྨི་པི་ཡའི་ཙུང་ཐུང་མུའུ་པིན་པཱ་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་མུའུ་པིན་པཱ་ཡིས་ད་ཐེངས་ཀྱི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་རྩེ་ཚོགས་ལེགས་འགྲུབ་ཡོང་ཆེད་བྱས་རྗེས་བཞག་པར་བསྔགས་བརྗོད་གནང་། ཁོང་གིས་ད་ཐེངས་ཀྱི་རྩེ་ཚོགས་སྟེང་ཀྲུང་གོ་དང་ཨ་ཧྥེ་རི་ཁས་ལག་གདང་སྦྲེལ་ནས་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཆོད་སེམས་བརྟན་པོ་མངོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ན་སྨི་པི་ཡ་སོགས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་མཉམ་དུ་རྩེ་ཚོགས་ཀྱི་གྲུབ་འབྲས་ཁག་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་མཉམ་དུ་འཕེལ་རྒྱས་དང་དར་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་དང་ན་སྨི་པི་ཡའི་ལྷོ་ནུབ་ཨ་ཧྥེ་རི་ཁའི་མི་དམངས་རྩ་འཛུགས་གཉིས་ཀ་ཡུན་རིང་སྲིད་དབང་བསྐྱངས་པའི་ཡར་ཐོན་སྲིད་ཏང་ཡིན་པ་དང་། ལྷོ་ནུབ་ཨ་ཧྥེ་རི་ཁའི་མི་དམངས་རྩ་འཛུགས་ཀྱིས“ན་སྨི་པི་ཡའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན”ཞེས་པ་དེ་ཏང་གི་སྒྲིག་ཡིག་ནང་བཀོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ན་སྨི་པི་ཡ་ཕྱོགས་དང་དང་མཉམ་དུ་རྒྱལ་ཁབ་གཉིས་དང་ཏང་གཉིས་བར་གྱི་མཛའ་མཐུན་མཉམ་ལས་ཇེ་ཟབ་ཏུ་གཏོང་བ་དང་། ཏང་སྐྱོང་རྒྱལ་སྐྱོང་སྲིད་སྐྱོང་གི་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་པ། འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱེད་པ། ལག་གདང་སྦྲེལ་ནས་རྒྱལ་ཁབ་སོ་སོའི་དེང་རབས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བ་བཅས་བྱེད་འདོད་ཡོད། ཕྱོགས་གཉིས་ཀྱིས་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་བྱ་རྒྱུར་ཤུགས་བསྣན་ནས་ཞིང་ལས་དང་། དག་གཙང་ནུས་ཁུངས། རྨང་གཞིའི་སྒྲིག་བཀོད། ནུས་ཁུངས་གཏེར་ཁ། ཚན་རྩལ་སོགས་ཁྱབ་ཁོངས་སུ་མཉམ་ལས་ཀྱི་བཀྲག་མདངས་འཚེར་ས་གསར་པ་གཏོད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ན་སྨི་པི་ཡར་དངུལ་གཏོང་དང་ལས་གཉེར་བྱེད་པར་བསྐྱོད་རྒྱུར་སྐུལ་མ་གཏོང་བཞིན་པ་དང་། ན་སྨི་པི་ཡ་ཕྱོགས་ཀྱིས་མུ་མཐུད་དུ་དེར་སྟབས་བདེ་བསྐྲུན་རྒྱུ་དང་རྒྱབ་སྐྱོར་བྱ་རྒྱུའི་རེ་བ་བཅངས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ན་སྨི་པི་ཡ་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མ་འོངས་རྩེ་ཚོགས་སྟེང་མཉམ་དུ་མཐུན་སྦྱོར་རྒྱལ་ཁབ་ཀྱི་ལས་དོན་འཁུར་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་དང་། ན་སྨི་པི་ཡས་ཕྱོགས་མང་འཐབ་ཇུས་མཉམ་ལས་ལ་ཤུགས་སྣོན་པ་དང་། འཛམ་གླིང་ཧྲིལ་པོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་སྟོབས་ཤུགས་མུ་མཐུད་དུ་སྲ་བརྟན་དང་སྟོབས་ཆེར་བཏང་ནས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་ཆེད་སྟོབས་ཤུགས་འབུལ་འདོད་ཡོད།
མུའུ་པིན་པཱ་ཡིས་བསྟན་དོན། གདན་ཞུས་ལྟར་ཀྲུང་གོར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་རྩེ་ཚོགས་ལ་ཞུགས་པར་ཡོང་བ་དང་། ཀྲུང་གོའི་ཁྱད་ཆོས་དང་སྲོལ་རྒྱུན་གྱིས་ཕྱུག་པའི་སྤྲོ་སེམས་འཁོལ་བའི་མཛའ་གྲོགས་ཀྱི་སྣེ་ལེན་ཐོབ་པ་ནི་གཟི་བརྗིད་ལྡན་པ་ཞིག་རེད། དེ་རིང་སྔ་དྲོའི་གླེང་སྟེགས་རྩེ་ཚོགས་སྟེང་གྲོས་འཆམ་བྱུང་བའི་གྲུབ་འབྲས་ཡིག་ཆ་གཉིས་ཀྱིས་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་སྤུན་ཟླ་ལྟ་བུའི་མཛའ་མཐུན་བརྩེ་སེམས་སྲ་བརྟན་དུ་གཏོང་བ་དང་། ཨ་ཧྥེ་རི་ཁ་དང་ཀྲུང་གོའི་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུར་ཕན་ཐོགས་ཡོད་ལ། ལྷག་པར་དུ་ ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁྱབ་བསྒྲགས་གནང་བའི་ཨ་ཧྥེ་རི་ཁ་དང་ཀྲུང་གོས་ལག་གདང་སྦྲེལ་ནས་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གསར་པ་རབ་དང་རིམ་པ་དེས་ཨ་ཧྥེ་རི་ཁ་དང་ཀྲུང་གོ་ཕྱོགས་གཉིས་ཀྱིས་མཉམ་དུ་འཕེལ་རྒྱས་དར་རྒྱས་ཀྱི་འོད་ཟེར་ལྡན་པའི་འབྱུང་འགྱུར་གཏོད་རྒྱུར་ཁྲིད་སྟོན་བྱེད་པ་དང་། ཨ་ཧྥེ་རི་ཁ་དང་ཀྲུང་གོའི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པར་སྐུལ་འདེད་བྱེད་ཐུབ་རྒྱུ་རེད། ན་སྨི་པི་ཡ་ཕྱོགས་ཀྱིས་ད་ཐེངས་རྩེ་ཚོགས་ཀྱི་གྲུབ་འབྲས་ཁྱོན་ཡོངས་ནས་དོན་འཁྱོལ་ནན་ཏན་བྱེད་པ་དང་། ཀྲུང་གོ་ཕྱོགས་དང་བརྗེ་རེས་དམ་ཟབ་བྱས་ཏེ་ཞིང་ལས་དང་། གཏེར་རྫས། རྨང་གཞིའི་སྒྲིག་བཀོད། དག་གཙང་ནུས་ཁུངས། མཁའ་སྐྱོད་མཁའ་འགྲུལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱུ་ཡིན། ན་སྨི་པི་ཡ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་ལེན་དུ་བསྟར་བ་དང་། ཀྲུང་གོས་རྒྱལ་ཁབ་ཀྱི་མངའ་ཁོངས་ཆ་ཚང་ལ་སྲུང་སྐྱོབ་བྱེད་པར་བློ་བརྟན་འགྱུར་མེད་ཀྱིས་རྒྱབ་སྐྱོར་བྱེད་པ། ཀྲུང་གོ་ལེགས་འགྲུབ་ཀྱི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་དུ་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་པར་རྒྱབ་སྐྱོར་བྱེད་པ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་ཧྲིལ་པོའི་གྲོས་འགོ་རབ་དང་རིམ་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ལ། འདིས་འཛམ་གླིང་ཞི་བདེ་དང་དེང་རབས་ཅན་མངོན་འགྱུར་ཡོང་བར་རོགས་ཤུགས་འདོན་ཐུབ་ཟེར།
རྩེ་ཚོགས་སྐབས་སུ་ཀྲུང་གོ་དང་ན་སྨི་པི་ཡ་ཕྱོགས་གཉིས་ཀྱིས་ལུག་དང་ར་ཤ་ཀྲུང་གོར་ནང་འདྲེན་བྱེད་པ་དང་། མཉམ་ལས་འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་མང་པོ་བཀོད།
ཝང་དབྱི་མཇལ་འཕྲད་ལ་ཞུགས།
ཤ་བོ་གསེར་མཚོས་བསྒྱུར།