ཟླ9པའི་ཚེས4ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ལ་ཞུགས་པར་ཡོང་བའི་ཀ་པོན་གྱི་ཙུང་ཐུང་ཨིན་ཀུའེ་མཱ་ལ་མཇལ་འཕྲད་གནང་།
ཟླ9པའི་ཚེས4ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ལ་ཞུགས་པར་ཡོང་བའི་ཀ་པོན་གྱི་ཙུང་ཐུང་ཨིན་ཀུའེ་མཱ་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། དུས་རབས་ཕྱེད་ཀའི་སྔོན་དུ། ཀྲུང་གོ་དང་ཀ་པོན་གྱི་རྒན་རབས་འགོ་ཁྲིད་པས་མིག་རྒྱང་རིང་བོས་ཀྲུང་གོ་དང་ཀ་པོན་གྱི་མཛའ་མཐུན་མཉམ་ལས་འབྲེལ་བ་མཉམ་སྐྲུན་བྱས། དེ་རིང་། འབྲེལ་བ་དེ་ཀྲུང་གོ་དང་ཨ་ཧྥེ་རི་ཁ་དང་རྒྱ་ཆེའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་འབྲེལ་བའི་དཔེ་མཚོན་དུ་གྱུར་ཡོད། ད་ལོ་ནི་ཀྲུང་གོ་དང་ཀ་པོན་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ལྔ་བཅུ་འཁོར་བའི་ལོ་ཡིན། ཀྲུང་གོ་དང་ཀ་པོན་གཉིས་ཀྱི་འབྲེལ་བ་འཛུགས་པའི་ཐོག་མའི་བསམ་འདུན་སེམས་ལ་བརྟན་པོར་འཛིན་པ་དང་། སྲོལ་རྒྱུན་མཛའ་བརྩེ་རྒྱུན་འཛིན་བྱེད་པ། དུས་རབས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ། ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བའི་སྔར་ལས་འོད་སྟོང་འབར་བའི་མ་འོངས་པ་བསྐྲུན་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཀ་པོན་གཉིས་ཀྱིས་སྲོལ་རྒྱུན་མཛའ་བརྩེའི་ཁྲོད་སྟོབས་ཤུགས་བསྡུ་ལེན་བྱེད་པ་དང་། ཕན་ཚུན་ལ་རྒྱབ་སྐྱོར་བརྟན་པོ་བྱེད་དགོས། ཕྱོགས་གཉིས་ཀྱིས་མཉམ་ལས་སྒོས་ལག་བསྟར་བྱས་པའི་ཀ་པོན་གྱི་རྒྱལ་སའི་གློག་དྲ་རིམ་སྤོར་སྒྱུར་བཀོད་་དང་ལས་རིགས་སློབ་གསོའི་ལྟེ་གནས་སོགས་ལས་གཞི་ལ་ཀ་པོན་མི་དམངས་ཀྱིས་དགའ་བསུ་ཆེན་པོ་བྱེད་བཞིན་ཡོད། ཀྲུང་གོས་ཐེངས་འདིའི་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་གོ་སྐབས་སུ་བརྩིས་ཏེ། རྒྱལ་ཁབ་གཉིས་ཀྱི་རྨང་གཞི་སྒྲིག་ཆས་དང་ཞིང་ལས། འཕྲོད་བསྟེན་བདེ་ཐང་། གཞི་གྲངས་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། ཀ་པོན་གྱི་དཔལ་འབྱོར་སྣ་མང་ཅན་དུ་ཚུལ་སྒྱུར་བྱེད་པར་རམ་འདེགས་བྱེད་འདོད་ཡོད། ཀྲུང་གོས་ཀ་པོན་བར་གྱི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པ་དང་བདེ་འཇགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས། རང་སོ་སོའི་རྒྱལ་ཁབ་གཏན་འཇགས་དང་ས་ཁུལ་ཞི་བདེ་བདེ་འཇགས་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད།
ཨིན་ཀུའེ་མཱ་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ང་རང་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ལ་གདན་ཞུ་བྱས་པར་མ་ཟད་མཇལ་འཕྲད་གནང་བར་བཀའ་དྲིན་ཞུས་པ་ཡིན་ལ། དེས་ཀ་པོན་དང་ཀྲུང་གོའི་མི་དམངས་ཀྱི་མཛའ་བརྩེ་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྲ་བརྟན་ཡིན་པ་མཚོན་ཡོད། ཀ་པོན་དང་ཀྲུང་གོའི་ཁྱབ་ཁོངས་སོ་སོའི་འབྲེལ་བ་ཧ་ཅང་དམ་ཟབ་ཡིན་པ་དང་། ཀྲུང་གོ་ནི་ཀ་པོན་གྱི་མཉམ་ལས་གྲོགས་པོ་ཆེས་གལ་ཆེན་ཡིན་ལ། ཀྲུང་གོས་རྣམ་པ་མང་པོའི་ལས་ནས་ཀ་པོན་རྒྱལ་ཁབ་འཕེལ་རྒྱས་སུ་གཏོང་བར་བྱས་རྗེས་ཆེན་པོ་བཞག ཀྲུང་གོས་ཀ་པོན་གྱིས་ཆབ་སྲིད་བར་བརྒལ་འཕེལ་རིམ་ཐད་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས་པ་ཡིན་ལ། ཀ་པོན་གྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་གོང་བཀུར་ལག་བསྟར་བྱེད་ཀྱིན་ཡོད་པ་དང་། ཀྲུང་གོ་དང་མཉམ་དུ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ལྔ་བཅུ་འཁོར་བར་རྟེན་འབྲེལ་ཞུ་རྒྱུ་ཡིན་ལ། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་མཉམ་ལས་ཁྲོད་ཞུགས་ནས། ཀ་པོན་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་རྒྱུན་མཐུད་ངང་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་འདོད་ཡོད།
རྩེ་ཚོགས་སྐབས་སུ། ཀྲུང་གོ་དང་ཀ་པོན་ཕྱོགས་གཉིས་ཀྱིས་དངུལ་གཏོང་དང་དཔལ་འབྱོར་མཉམ་ལས། རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་མང་པོ་བཀོད།
ཝང་དབྱི་མཇལ་འཕྲད་ལ་ཞུགས།
རིན་ཆེན་མཚོས་བསྒྱུར།