ཞི་ཅིན་ཕིང་གིས་ཧྲིན་ཐོ་མེ་ཧི་ཕུའུ་ལིན་ཞི་ཕི་ཡི་ཙུང་ལི་ཐི་ལའོ་ཝ་ཏཱར་མཇལ་འཕྲད་གནང་།
2024.09.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 12

ཟླ9པའི་ཚེས5ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཀྲུང་གོར་ཀྲུང་གོ་དང་ཧྥེ་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ལ་ཞུགས་པ་དང་ཀྲུང་གོར་འཚམས་འདྲི་བྱེད་པར་ཡོང་བའི་ཧྲིན་ཐོ་མེ་ཧི་ཕུའུ་ལིན་ཞི་ཕི་རྒྱལ་ཁབ་ཀྱི་ཙུང་ལི་ཐི་ལའོ་ཝ་ཏཱར་མཇལ་འཕྲད་གནང་། 

ཟླ9པའི་ཚེས5ཉིན་གྱི་ཕྱི་དྲོར། ཟླ9པའི་ཚེས5ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཀྲུང་གོར་ཀྲུང་གོ་དང་ཧྥེ་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ལ་ཞུགས་པ་དང་ཀྲུང་གོར་འཚམས་འདྲི་བྱེད་པར་ཡོང་བའི་ཧྲིན་ཐོ་མེ་ཧི་ཕུའུ་ལིན་ཞི་ཕི་རྒྱལ་ཁབ་ཀྱི་ཙུང་ལི་ཐི་ལའོ་ཝ་ཏཱར་མཇལ་འཕྲད་གནང་། རྒྱལ་ཁབ་གཉིས་ཀའི་འགོ་ཁྲིད་ཀྱིས་ཕྱོགས་གཉིས་ཀའི་འབྲེལ་བ་དེ་འཐབ་ཇུས་རོགས་རེས་འབྲེལ་བའི་སྟེང་དངོས་སུ་རིམ་སྤོར་བྱས་པ་ཁྱབ་སྒྲོག་གནང་།

ཞི་ཅིན་ཕིང་གིས་ཉེ་བའི་ལོ་འདི་དག་གི་རིང་ལ། ཀྲུང་གོ་དང་ཧྲིན་ཐོ་མེ་ཧི་ཕུའུ་ལིན་ཞི་ཕི་ཡི་འབྲེལ་བས་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་བྱས་ཡོད་ཅིང་། རྒྱལ་ཁབ་གཉིས་ཀའི་ཁྱབ་ཁོངས་སོ་སོའི་དངོས་སྒྲུབ་མཉམ་ལས་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད། ཧྲིན་ཐོ་མེ་ཧི་ཕུའུ་ལིན་ཞི་ཕི་སླར་ཡང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་མཐུན་མཉམ་ལས་ཀྱི་ཁྱིམ་ཚང་ཆེན་མོའི་ཁྲོད་དུ་ལོག་ཐུབ་པ་བྱུང་བ་དེ་ནི། རྒྱལ་ཁབ་གཉིས་ཀའི་མི་དམངས་ཀྱི་ཐུན་མོང་གི་ཁེ་ཕན་དང་ཀུན་ནས་མཐུན་ཡོད་པ་དོན་དངོས་ཀྱི་སྟེང་ནས་ར་སྤྲོད་གསལ་བོ་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧྲིན་ཐོ་མེ་ཧི་ཕུའུ་ལིན་ཞི་ཕི་ཕྱོགས་དང་མཉམ་དུ། རྒྱལ་ཁབ་ཀྱི་འཛུགས་སྐྲུན་དང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ཀྱི་འབད་བརྩོན་ལ་སྔར་སྲོལ་བཞིན་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། ཧྲིན་ཐོ་མེ་ཧི་ཕུའུ་ལིན་ཞི་ཕི་ཕྱོགས་དང་མཉམ་དུ། ད་ཐེངས་ཀྱི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་རྩེ་ཚོགས་སྟེང་ཐོབ་པའི་གྲུབ་འབྲས་དོན་འཁྱོལ་གང་ལེགས་བྱས་ནས། རྒྱལ་ཁབ་གཉིས་ཀའི་འཐབ་ཇུས་རོགས་རེས་འབྲེལ་བས་མི་དམངས་ལ་བདེ་སྐྱིད་སྔར་ལས་ཆེན་པོ་བསྐྲུན་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་ཕྱོགས་གཉིས་ཀས་མཛའ་མཐུན་གྱི་ཁ་ཕྱོགས་ཆེན་པོ་ཁོང་དུ་བརྟན་པོར་ཆུད་པར་བྱ་རྒྱུ་དང་། རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་པ། འཐབ་ཇུས་དང་འབྲེལ་བའི་ཕན་ཚུན་བར་གྱི་ཡིད་ཆེས་སྔར་ལས་ཇེ་བརྟན་དང་མཐོར་འདེགས་གཏོང་བ་བཅས་བྱས་ཏེ། ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་དོ་ཁུར་བྱེད་ཡུལ་གལ་ཆེན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ནས་ཕན་ཚུན་བར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་དགོས། ཡུལ་སྐོར་ལས་རིགས་དང་ཞིང་ལས། ཉ་ལས། རྨང་གཞིའི་སྒྲིག་ཆས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཐད་གྲོས་བསྡུར་བྱས་ཏེ། ཧྲིན་ཐོ་མེ་ཧི་ཕུའུ་ལིན་ཞི་ཕི་ཕྱོགས་ལ་ད་རེས་ཀྱི་རྩེ་ཚོགས་ལས་ཐོབ་པའི་གྲུབ་འབྲས་ཁྲོད་ནས་ཕན་པ་སྔར་ལས་གང་མང་ཐོབ་པར་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཧྲིན་ཐོ་མེ་ཧི་ཕུའུ་ལིན་ཞི་ཕི་ཕྱོགས་དང་མཉམ་དུ། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་ནས་ཕན་ཚུན་འབྲེལ་གཏུག་དང་གཞོགས་འདེགས་དམ་ཟབ་བྱ་རྒྱུར་ཤུགས་བསྣན་ཏེ། རྒྱལ་ཁབ་གཉིས་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་འདོད་ཡོད་ཅེས་ནན་གྱིས་གསུངས།

ཐི་ལའོ་ཝ་ཏཱ་ཡིས་ང་ཀྲུང་གོར་སླེབས་ཐེངས་རེ་རེར་རང་ཁྱིམ་དུ་ལོག་པ་ལྟ་བུའི་བདེ་སྣང་སྟེར་ཐུབ། ཀྲུང་གོ་ཕྱོགས་ཀྱིས་ཧྲིན་ཐོ་མེ་ཧི་ཕུའུ་ལིན་ཞི་ཕི་ཡི་དཔལ་འབྱོར་འཕེལ་རྒྱས་ཐད་རོགས་རམ་ཆེན་པོ་གནང་བར་ཐུགས་རྗེ་ཆེ་ཞུས་པ་ཡིན་ལ། ཁྱད་པར་དུ་དེ་རིང་སྔ་དྲོར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་རྩེ་ཚོགས་ཀྱི་འགོ་རྩོམ་མཛད་སྒོའི་སྟེང་དངོས་སུ་ཁྱབ་སྒྲོག་བྱས་པའི་བྱེད་ཐབས་གསར་པ་ལས། ཧྲིན་ཐོ་མེ་ཧི་ཕུའུ་ལིན་ཞི་ཕི་དང་ཨ་ཧྥེ་རི་ཁའི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་གཏོང་ཐུབ་ངེས་ཡིན། ཧྲིན་ཐོ་མེ་ཧི་ཕུའུ་ལིན་ཞི་ཕི་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་སོགས་ཀྱི་འདུ་ཤེས་དང་གྲོས་འགོ་གལ་ཆེན་ལ་བསྔགས་བརྗོད་ཆེན་པོ་བྱེད་ཀྱིན་ཡོད་ཅིང་། ཀྲུང་གོ་གཅིག་གི་རྩ་དོན་བརྟན་པོར་སྲུང་བ། རྒྱལ་ཁབ་གཉིས་ཀའི་ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་བྱེད་ཚད་སྔར་ལས་སྲ་བརྟན་དུ་གཏོང་བ་དང་རོགས་རེས་འབྲེལ་བ་ཇེ་དམ་དུ་གཏོང་བར་འབད་དེ། ཧྲིན་ཐོ་མེ་ཧི་ཕུའུ་ལིན་ཞི་ཕིའི་ཡུན་རིང་གི་དཔལ་འབྱོར་འཕེལ་རྒྱས་མངོན་འགྱུར་ཡོང་ཆེད་འགན་ལེན་སྟོབས་དང་ལྡན་པ་ཞིག་འདོན་སྤྲོད་ཐུབ་ངེས་ཡིན་ཞེས་བསྟན།

ཕྱོགས་གཉིས་ཀས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཧྲིན་ཐོ་མེ་ཧི་ཕུའུ་ལིན་ཞི་ཕི་སྤྱི་མཐུན་རྒྱལ་ཁབ་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་འཛུགས་པའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ།

ཝང་དབྱི་མཇལ་འཕྲད་ལ་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།


ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།