ཞི་ཅིན་ཕིང་གིས་ལི་པི་རི་ཡའི་ཙུང་ཐུང་པོ་ཨ་ཁའེ་ལ་མཇལ་འཕྲད་གནང་།
2024.09.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 4


ཟླ9པའི་ཚེས6ཉིན་གྱི་ཉིན་གུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་སུ་ཞུགས་པར་ཕེབས་པའི་ལི་པི་རི་ཡའི་ཙུང་ཐུང་པོ་ཨ་ཁའེ་ལ་མཇལ་འཕྲད་གནང་།

ཟླ9པའི་ཚེས6ཉིན་གྱི་ཉིན་གུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་སུ་ཞུགས་པར་ཕེབས་པའི་ལི་པི་རི་ཡའི་ཙུང་ཐུང་པོ་ཨ་ཁའེ་ལ་མཇལ་འཕྲད་གནང་། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཀྲུང་གོ་དང་ལི་པི་རི་ཡའི་འབྲེལ་བ་དེ་འཐབ་ཇུས་རོགས་རེས་འབྲེལ་བར་རིམ་སྤོར་བྱ་རྒྱུ་ཁྱབ་བསྒྲགས་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ལི་པི་རི་ཡའི་འབྲེལ་བ་མཛའ་མཐུན་ཡིན། ཉེ་བའི་ལོ་ཤས་རིང་ཀྲུང་གོ་དང་ལི་པི་རི་ཡ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་མཉམ་དུ་ཨའེ་པོ་ལ་རིམས་ནད་དང་པྲོག་གསར་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཁྲོད་སྐྱིད་སྡུག་མཉམ་མྱོང་བྱས་པ་དང་། རྒྱལ་ཁབ་འཛུགས་སྐྲུན་བྱ་གཞག་ཁྲོད་ལྷག་བསམ་ཟོལ་མེད་ངང་མཉམ་ལས་བྱས་ཏེ་ཕྱོགས་གཉིས་ཀྱི་འབྲེལ་བར་ནང་དོན་གསར་པ་བསྣན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ལི་པི་རི་ཡ་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་སྒྲོམ་གཞིའི་འོག་ད་ཐེངས་ཀྱི་པེ་ཅིང་རྩེ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་བྱ་བར་སྐུལ་འདེད་ཏན་ཏིག་བཏང་ནས་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཙུང་ཐུང་པོ་ཨ་ཁའེ་ཡིས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་བྱ་རྒྱུ་རྒྱུན་འཁྱོངས་བྱས་པར་བསྔགས་བརྗོད་བྱ་རྒྱུ་དང་། ལི་པི་རི་ཡའི་བར་གྱི་བརྗེ་རེས་གྲོས་མོལ་ལ་ཤུགས་སྣོན་པ་དང་། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ཕན་ཚུན་རྒྱབ་སྐྱོར་བྱས་ཏེ་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་ལ་སྲུང་སྐྱོབ་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ལི་པི་རི་ཡ་ཕྱོགས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ནས་མཚོ་ཐོག་སྐྱེལ་འདྲེན་དང་། ཞིང་ལས། ཐོན་ཁུངས་གསར་སྤེལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད། ཀྲུང་གོ་དང་ལི་པི་རི་ཡ་རྒྱལ་ཁབ་གཉིས་ནི་འཛམ་གླིང་གི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་གྲས་ཡིན་པས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་དང་མཉམ་དུ་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱས་ནས་འཛམ་གླིང་ཧྲིལ་པོའི་བཅོས་སྐྱོང་སྔར་ལས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།

ཟླ9པའི་ཚེས6ཉིན་གྱི་ཉིན་གུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་སུ་ཞུགས་པར་ཕེབས་པའི་ལི་པི་རི་ཡའི་ཙུང་ཐུང་པོ་ཨ་ཁའེ་ལ་མཇལ་འཕྲད་གནང་།

པོ་ཨ་ཁའེ་ཡིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་པོར་ལི་པི་རི་ཡར་རྩ་ཆེའི་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ། ཀྲུང་གོའི་བར་གྱི་མཉམ་ལས་ཀྱིས་རྨང་གཞིའི་སྒྲིག་བཀོད་དང་། འཕྲོད་བསྟེན། སློབ་གསོ་སོགས་ཕྱོགས་མང་པོའི་ཐད་ལི་པི་རི་ཡའི་མི་དམངས་ཀྱི་འཚོ་བ་ཇེ་ལེགས་སུ་བཏང་ཡོད། ཀྲུང་གོ་ནི་ལི་པི་རི་ཡའི་གྲོགས་པོ་ངོ་མ་ཡིན། ངས་སླར་ཡང་ལི་པི་རི་ཡ་སྲིད་གཞུང་གིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ནས་ཀྲུང་གོའི་བར་གྱི་འཐབ་ཇུས་རོགས་རེས་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་འབད་བརྩོན་བྱེད་པ་བསྐྱར་བསྒྲགས་བྱས་པ་ཡིན། ད་ཐེངས་ཀྱི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་བྱ་རྒྱུ་གོ་སྐབས་སུ་བྱས་ནས་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་སྟེ་ལི་པི་རི་ཡས་ཀྱང་དེང་རབས་ཅན་མངོན་འགྱུར་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཟེར། 

རྩེ་ཚོགས་སྐབས་སུ་ཀྲུང་གོ་དང་ལི་པི་རི་ཡ་ཕྱོགས་གཉིས་ཀྱིས་མཚོ་ཐོག་སྐྱེལ་འདྲེན་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་བཀོད། 

ཝང་དབྱི་མཇལ་འཕྲད་ལ་ཞུགས།

ཤ་བོ་གསེར་མཚོས་བསྒྱུར།