ཞི་ཅིན་ཕིང་གིས་ཀམ་པི་ཡའི་ཙུང་ཐུང་པཱ་ལའོ་ལ་མཇལ་འཕྲད་གནང་།
2024.09.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

ཟླ9པའི་ཚེས6ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ལ་ཞུགས་པར་ཡོང་བའི་ཀམ་པི་ཡའི་ཙུང་ཐུང་པཱ་ལའོ་ལ་མཇལ་འཕྲད་གནང་།

ཟླ9པའི་ཚེས6ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ལ་ཞུགས་པར་ཡོང་བའི་ཀམ་པི་ཡའི་ཙུང་ཐུང་པཱ་ལའོ་ལ་མཇལ་འཕྲད་གནང་། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཀྲུང་གོ་དང་ཀམ་པི་ཡའི་འབྲེལ་བ་འཐབ་ཇུས་གྲོགས་པོའི་འབྲེལ་བར་མཐོར་འདེགས་གཏོང་རྒྱུ་ཡིན་པ་ཁྱབ་བསྒྲགས་མཛད།

ཞི་ཅིན་ཕིང་གིས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ། ཀྲུང་གོ་དང་ཀམ་པི་ཡའི་འབྲེལ་བ་རྒྱུན་མ་ཆད་པར་གོང་འཕེལ་དུ་སོང་ཡོད། ཕྱོགས་གཉིས་ཀྱི་ཆབ་སྲིད་ཡིད་རྟོན་ཉིན་རེ་བཞིན་སྲ་བརྟན་དུ་གྱུར་པ་དང་། དངོས་གཉེར་མཉམ་ལས་བརྟན་བརླིང་ངང་སྤེལ་ལ། དར་རྒྱས་གོང་འཕེལ་གྱི་ལམ་དུ་གྲོགས་པོ་བཟང་བོ་དང་ཟླ་གྲོགས་བཟང་བོར་གྱུར། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་དོ་ཁུར་བྱེད་པའི་གནད་དོན་སྟེང་ཕན་ཚུན་ལ་རྒྱབ་སྐྱོར་བརྟན་པོ་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་ཡིད་རྟོན་སྲ་བརྟན་དུ་གཏོང་བ་དང་དེར་སྲུང་སྐྱོབ་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བརྟན་བརླིང་ངང་ཡུན་རིང་གོང་དུ་འཕེལ་བར་སྐུལ་འདེད་གཏོང་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོའི་རོགས་སྐྲུན་དང་མཉམ་ལས་ལས་གཞིས་ཀམ་པི་ཡའི་མི་དམངས་ཀྱི་འཚོ་བ་ལེགས་སྒྱུར་བྱས་པར་དགའ་སྤྲོ་ཆེན་པོ་སྐྱེས་ཡོད། ཐེངས་འདིའི་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ཀྱིས་བཟོ་ལས་དང་ཞིང་ལས། རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་སོགས་ཁྱབ་ཁོངས་ནས་མཉམ་ལས་ཀྱི་བྱེད་ཐབས་གསར་པ་རབ་དང་རིམ་པ་ཕྱིར་བཏོན་ཡོད། ཀྲུང་གོས་ཀམ་པི་ཡ་དང་མཉམ་དུ། ཐེངས་འདིའི་རྩེ་ཚོགས་ཀྱི་གྲུབ་འབྲས་ལག་བསྟར་བྱེད་པ་གོ་སྐབས་སུ་བརྩིས་ནས། ཀྲུང་གོ་དང་ཀམ་པི་ཡའི་མཉམ་ལས་ཐད་ནས་གྲུབ་འབྲས་སྔར་ལས་མང་པོ་ལེན་པར་སྐུལ་འདེད་གཏོང་བ་དང་། ཀམ་པི་ཡའི་དཔལ་འབྱོར་འཕར་སྣོན་དང་དམངས་ཚིས་ལེགས་སྒྱུར་ཐད་རམ་འདེགས་བྱེད་འདོད་ཡོད། ཀྲུང་གོས་མུ་མཐུད་དུ་ཀམ་པི་ཡའི་ཕྱོགས་ལ་སྨན་བཅོས་རུ་ཁག་མངགས་གཏོང་བྱེད་པ་དང་། ཀམ་པི་ཡའི་རྒྱ་ཡིག་སློབ་གསོ་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱེད་པ། ཀམ་པི་ཡའི་ན་གཞོན་སྔར་ལས་མང་པོ་ཀྲུང་གོར་བརྗེ་རེས་སུ་ཡོང་བར་སྐུལ་སློང་བཏང་སྟེ། དམངས་སེམས་གཅིག་མཐུན་ཡོང་བར་བྱེད་དགོས། ཀམ་པི་ཡས་དབྱི་སི་ལན་མཉམ་ལས་རྩ་འཛུགས་ཀྱི་གཙོ་འཛིན་གྲོས་ཚོགས་སྐབས་བཅོ་ལྔ་པ་རྒྱལ་ཁའི་ངང་བསྡུས་པར་རྟེན་འབྲེལ་ཞུས་པ་ཡིན་ལ། ཀྲུང་གོས་ཀམ་པི་ཡ་དང་དབྱི་སི་ལན་མཉམ་ལས་རྩ་འཛུགས་བར་མཉམ་ལས་གཏིང་ཟབ་སྤེལ་འདོད་ཡོད།

པཱ་ལའོ་ཡིས་བསྟན་དོན། ཀྲུང་གོར་ཡོང་ནས་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ལ་ཞུགས་པར་དགའ་སྤྲོ་ཆེན་པོ་སྐྱེས་ཡོད། ཀྲུང་གོ་མི་དམངས་ཀྱི་མཛའ་བརྩེ་དང་པེ་ཅིང་གི་མཛེས་སྡུག་དར་རྒྱས་ཀྱིས་ཚང་མའི་སེམས་བཀུག་སོང་། ཀམ་པི་ཡ་དང་ཀྲུང་གོ་རྒྱལ་ཁབ་གཉིས་བར་དུ་མཛའ་བརྩེ་ཟབ་མོ་ཡོད། ཀྲུང་གོས་རོགས་སྐྲུན་བྱས་པའི་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་དེ་ཀམ་པི་ཡའི་རྒྱལ་སའི་ས་རྟགས་གསར་པར་གྱུར་ཡོད་པ་དང་། ཀྲུང་གོའི་མཉམ་ལས་ལས་གཞི་ཡིས་ཀམ་པི་ཡའི་མི་དམངས་ཀྱི་འཚོ་བ་ཇེ་ལེགས་སུ་གཏོང་བར་རོགས་འདེགས་བྱས་ཡོད། ཁ་སང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་སྟེང་བསྒྲགས་པའི་གྲོགས་པོའི་འགུལ་སྐྱོད་ཆེན་པོ་བཅུ་ཡིས་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་འབྲེལ་བ་མཐོ་ཚད་གསར་པ་ཞིག་ཏུ་ཇེ་མཐོར་བཏང་བ་དང་། ཀམ་པི་ཡ་ཕྱོགས་ཀྱིས་བསྟོད་བསྔགས་ཆེན་པོ་བྱེད་པ་མ་ཟད་བཀའ་དྲིན་ཞུ་བཞིན་ཡོད། ཀྲུང་གོ་གནའ་ནས་ད་བར་དུ་ལག་བསྟར་མཁན་ཡིན་ལ། ནམ་ཡང་ཁ་ཐོག་ལག་བཞག་བྱེད་ཀྱིན་ཡོད། ཀམ་པི་ཡར་ཀྲུང་གོ་ནི་རེ་བ་དང་འབྱུང་འགྱུར་ཡིན་པར་ཡིད་ཆེས་ཡོད་པ་དང་། ཀྲུང་གོའི་བར་མཉམ་ལས་གཏིང་ཟབ་བྱས་ན། ད་གཟོད་རྒྱལ་ཁབ་འཕེལ་རྒྱས་མངོན་འགྱུར་བྱེད་ཐུབ། ཀམ་པི་ཡ་ཀྲུང་གོའི་བློ་དཀར་པའི་གྲོགས་པོ་བྱེད་འདོད་ཡོད། ཀམ་པི་ཡས་ཀྲུང་གོ་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། དཔལ་འབྱོར་ཉོ་ཚོང་དང་མི་གཞུང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཇེ་ཟབ་ཏུ་གཏོང་རྒྱུའི་རེ་བ་ཡོད། ཀམ་པི་ཡས་ཀྲུང་གོ་གཅིག་གི་སྲིད་ཇུས་བརྩི་སྲུང་ལག་བསྟར་བྱེད་པ་དང་། ཀྲུང་གོའི་བར་གྱི་ཕྱོགས་མང་རོགས་ལས་ཇེ་ཟབ་ཏུ་བཏང་ནས། ཀྲུང་གོའི་འགྲོ་མིའི་ཐོབ་ཐང་སོགས་གནད་དོན་སྟེང་གི་ལངས་ཕྱོགས་ལ་མུ་མཐུད་དུ་རྒྱབ་སྐྱོར་བྱེད་འདོད་ཡོད།

ཝང་དབྱི་མཇལ་འཕྲད་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།