ཟླ9པའི་ཚེས6ཉིན་གྱི་སྔ་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ལ་ཞུགས་པར་ཡོང་བའི་སོ་མ་ལིའི་ཙུང་ཐུང་མཱ་ཧ་མའོ་ཏི་ལ་མཇལ་འཕྲད་གནང་། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཀྲུང་གོ་དང་སོ་མ་ལིའི་བར་གྱི་འབྲེལ་བ་དེ་འཐབ་ཇུས་གྲོགས་པོའི་འབྲེལ་བར་མཐོར་འདེགས་གཏོང་རྒྱུ་ཁྱབ་བསྒྲགས་མཛད།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་སོ་མ་ལི་རྒྱལ་ཁབ་བར་གྱི་མཛའ་མཐུན་འགྲོ་འོང་ལ་ལོ་རྒྱུས་ཡུན་རིང་ལྡན། སོ་མ་ལི་ནི་ཀྲུང་གོ་གསར་པ་དང་འབྲེལ་བ་བཙུགས་པའི་ཨ་ཧྥེ་རུ་ཁ་ཤར་མའི་རྒྱལ་ཁབ་ཐོག་མ་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེས་ཉམས་སད་མང་པོ་ཐེག་མྱོང་། ཀྲུང་གོ་ཕྱོགས་ཀྱིས་སོ་མ་ལི་ཕྱོགས་དང་འབྲེལ་བ་བཙུགས་པའི་ཐོག་མའི་བསམ་འདུན་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་གཉིས་ཀྱི་འབྲེལ་བར་གྲུབ་འབྲས་གསར་པ་སྔར་ལས་མང་པོ་ཐོབ་པར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་སོ་མ་ལི་གཉིས་ཀྱིས་རྒྱལ་ཁབ་ཡོངས་སུ་གཅིག་གྱུར་བྱེད་པའི་ལོ་རྒྱུས་ཀྱི་ལས་འགན་ཕྲག་ཏུ་བླངས་ཡོད། ཀྲུང་གོ་ཕྱོགས་ཀྱིས་སོ་མ་ལི་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་བར་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་དང་། སོ་མ་ལིའི་ཞི་བདེ་དང་འཕེལ་རྒྱས་ཀྱི་འཕེལ་རིམ་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན། ཕྱོགས་གཉིས་ཀྱིས་ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་དོ་ཁུར་ཆེ་བའི་གནད་དོན་གལ་ཆེན་ཐད་ཕན་ཚུན་ལ་བློ་བརྟན་འགྱུར་མེད་ཀྱིས་རྒྱབ་སྐྱོར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་སོ་མ་ལིའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་མུ་མཐུད་དུ་རྒྱབ་སྐྱོར་བྱེད་པ་དང་། སོ་མ་ལིའི་བར་གྱི་མཉམ་ལས་ཀྱི་སྦས་ཤུགས་སྔོག་འདོན་དང་འཕེལ་རྒྱས་ཀྱི་བར་སྟོང་རྒྱ་སྐྱེད། ཐེངས་འདིའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་བྱེད་པ་གོ་སྐབས་སུ་བཟུང་སྟེ། དཔལ་འབྱོར་ཉོ་ཚོང་དང་། ཉ་ལས། མི་ཤུགས་ཐོན་ཁུངས་གསོ་སྦྱོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་རྒྱལ་སྤྱིའི་སོ་མ་ལིའི་ཞི་བདེ་སྲུང་སྐྱོང་བྱ་སྤྱོད་ལ་མ་དངུལ་གྱི་རོགས་སྐྱོར་འདོན་སྤྲོད་དང་། སོ་མ་ལིའི་རང་བདག་འཕེལ་རྒྱས་དང་འཇིགས་སྐུལ་ལ་ངོ་རྒོལ་དང་བརྟན་བརླིང་སྲུང་སྐྱོང་བྱེད་པའི་ནུས་པ་ཆེ་རུ་གཏོང་བར་རྒྱབ་སྐྱོར་བྱེད་རྒྱུ་ཡིན། སོ་མ་ལི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་མིན་པའི་རྒྱལ་ཁབ་ཏུ་བདམས་པ་དང་། ཨ་ཧྥེ་རི་ཁ་ཤར་མའི་ཐུན་མོང་ཚོགས་པའི་ནང་དངོས་སུ་ཞུགས་པར་རྟེན་འབྲེལ་ཞུས་པ་ཡིན། ཀྲུང་གོ་ཕྱོགས་ཀྱིས་སོ་མ་ལི་ཕྱོགས་དང་མཉམ་དུ་ཕྱོགས་མང་མཉམ་ལས་ལ་ཤུགས་བསྣན་ནས་རྒྱལ་སྤྱིའི་སྤྱི་པའི་དྲང་བདེན་སྲུང་སྐྱོང་བྱེད་འདོད་ཡོད།
མཱ་ཧ་མའོ་ཏི་ཡིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཐེངས་འདིའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་བདེ་བླག་ངང་གཙོ་སྒྲུབ་བྱས་པར་རྟེན་འབྲེལ་ཞུས་པ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པ་སོགས་འཛམ་གླིང་ཧྲིལ་པོའི་གྲོས་གཞི་གལ་ཆེན་རབ་དང་རིམ་པ་དེའི་ནང་ཁ་སང་གླེང་སྟེགས་རྩེ་ཚོགས་ཀྱི་འགོ་རྩོམ་མཛད་སྒོའི་ཐོག་ཁྱབ་བསྒྲགས་གནང་བའི་ལག་གདང་སྦྲེལ་ནས་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་དེ་ཨ་ཧྥེ་རི་ཁ་དང་འཛམ་གླིང་རྒྱལ་ཁབ་སོ་སོའི་མི་དམངས་ཀྱིས་ཞི་བདེ་དང་འཕེལ་རྒྱས་ལ་བཅངས་པའི་ཐུན་མོང་གི་རེ་སྒུག་དང་མཐུན་པས། སོ་མ་ལི་ཕྱོགས་ཀྱིས་དེ་ལ་བསྔགས་བརྗོད་ཚད་མེད་བྱེད་བཞིན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་ཀྲུང་གོས་དུས་བཅད་ལྟར་ཕྱོགས་ཡོངས་ནས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་བསྐྲུན་ཐུབ་པ་དང་ཆབས་ཅིག ཨ་ཧྥེ་རི་ཁ་དང་འཛམ་གླིང་མཉམ་དུ་འཕེལ་རྒྱས་འགྲོ་བར་སྣེ་ཁྲིད་བྱེད་ཐུབ་པའི་ཡིད་ཆེས་ཡོད། ཀྲུང་གོ་ཕྱོགས་ཀྱིས་སོ་མ་ལི་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་གནང་བར་མ་ཟད་སོ་མ་ལིའི་དཔལ་འབྱོར་འཛུགས་སྐྲུན་ལ་རོགས་རམ་ཆེན་པོ་གནང་བར་ཐུགས་རྗེ་ཆེ་ཞུས་པ་ཡིན། སོ་མ་ལི་ཡིས་བདེ་འཇགས་དང་བརྟན་བརླིང་ཡོང་བར་རེ་སྨོན་བྱེད་བཞིན་ཡོད་ལ། ཀྲུང་གོ་ནི་ཡིད་རྟོན་དང་ཡིད་ཆེས་བྱེད་ཆོག་པའི་གྲོགས་པོ་ཡིན་པས། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་མཉམ་ལས་ཀྱི་འབྲེལ་བ་མུ་མཐུད་དུ་ཟབ་སྤེལ་བྱེད་པའི་རེ་བ་བཅངས་ཡོད།
རྩེ་ཚོགས་ཀྱི་སྐབས་སུ། ཀྲུང་གོ་དང་སོ་མ་ལི་ཕྱོགས་གཉིས་ཀྱིས་རྒྱང་སྒྲོག་བརྙན་འཕྲིན་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་བཀོད།
སྒྲོལ་མ་སྐྱིད་ཀྱིས་བསྒྱུར།