ཟླ9ཚེས5ཉིན། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་ལ་མགོ་འཛིན་བྱས་ཏེ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། སྲིད་གཞུང་ཁོངས་གཏོགས་ཀྱི་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ཀྱི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།
གྲོས་ཚོགས་ལས་བསྟན་དོན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་།《ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། བཅོས་སྒྱུར་སྔར་ལས་ཕྱོགས་ཡོངས་ནས་ཟབ་སྤེལ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་སྤེལ་བར་ཧུར་ཐག་གིས་སྐུལ་འདེད་གཏོང་བའི་སྐོར་གྱི་གཏན་འབེབས》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཞིང་། མཚོ་སྔོན་གྱི་དོན་དངོས་ལ་གཞི་ཚུགས་ཏེ་བཅོས་སྒྱུར་གྱི་ལས་འགན་གསར་པ་དང་བྱེད་ཐབས་གསར་པ་རབ་དང་རིམ་པར་ཇུས་འགོད་དང་བཀོད་སྒྲིག་བྱས་པ་དེ་ནི། རང་རེའི་ཞིང་ཆེན་གྱིས་སྐྱོད་ལམ་གསར་པའི་སྟེང་བཅོས་སྒྱུར་སྔར་ལས་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པའི་སྐུལ་སློང་བཀའ་རྒྱ་དང་། ལམ་ཐིག་དཔེ་རིས། ལས་འགན་ཡི་གེ་བཅས་ཡིན་པ་རེད། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཡིས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ བཅོས་སྒྱུར་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ། བཅོས་སྒྱུར་གྱི་ལས་འགན་དམ་འཛིན་གྱིས་དོན་འཁྱོལ་ལ་སྐུལ་འདེད་མཐའ་གཅིག་ཏུ་བྱས་ཏེ། རྒྱལ་ཡོངས་ཀྱི་སྤྱི་ཡོངས་དང་མཉམ་འདྲེས་དང་དེར་ཞབས་འདེགས་ཞུ་བ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་གཞི་གཅིག་ཏུ་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པའི་སྐོར་གྱི་དགོངས་པ་གསར་པ་དང་། ལྟ་བ་གསར་པ། ཆོད་གཏམ་གསར་པ་བཅས་རབ་དང་རིམ་པར་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ཏེ། བཅོས་སྒྱུར་སྔར་ལས་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པའི་སྤྱི་ཡོངས་ཀྱི་བླང་བྱ་དང་། དམིགས་འབེན་གཙོ་བོ། རྩ་དོན་གལ་ཆེན། ལས་འགན་གཙོ་བོ་བཅས་ཁོང་དུ་ཆུད་པ་དང་། རྒྱལ་ཡོངས་ཀྱི་ཁྱོན་ཡོངས་ལ་སྔར་ལས་བློ་རྩ་བརྟན་ཞིང་རང་འགུལ་ངང་མཉམ་འདྲེས་དང་དེར་ཞབས་འདེགས་ཞུ་བ་བཅས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ལ་བཏོན་པའི་བླང་བྱ་གལ་ཆེན་སྔར་ལས་བློ་ཐག་རྦད་ཆོད་ཀྱིས་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། བཅོས་སྒྱུར་སྔར་ལས་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པའི་བྱེད་ཐབས་དོན་འཁྱོལ་ཞིབ་ཚགས་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་སྐྲུན་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད། དམངས་འཚོ་འགན་སྲུང་དང་ལེགས་བཅོས། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་གཏོང་བ་སོགས་གཙོ་གནད་ལ་དམ་པོར་དམིགས་ཏེ། “ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”འཆར་འགོད་སྒྲིག་བཟོ་དང་ཟུང་འབྲེལ་དམ་པོ་བྱེད་པ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་བཅོས་སྒྱུར་འཆར་འགོད་སྒྲིག་བཟོ་དང་ཇུས་གཞི་གཏན་འབེབས། ཐོན་ལས་འཕེལ་རྒྱས། ལས་གཞི་ཇུས་འགོད། ཚོད་ལྟའི་དཔེ་སྟོན། ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་ལ་གཅིག་གྱུར་འཆར་འགོད་བྱས་ཏེ། བཅོས་སྒྱུར་གྱི་ལས་འགན་སྣ་ཚོགས་དོན་འཁྱོལ་དང་ཕན་འབྲས་ཐོབ་པར་སྐུལ་འདེད་གཏོང་དགོས། བཅོས་སྒྱུར་དམ་འཛིན་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་མཐའ་གཅིག་ཏུ་འཁུར་ཏེ། “ལས་བྱེད་པས་ལས་ལ་འབད་དགོས་པ་དང་། བསམ་ཕྱོགས་གསལ་དགོས་པ། རང་གཅུན་དམ་དགོས་པ”བཅས་ཀྱི་བྱ་བའི་བླང་བྱ་དོན་འཁྱོལ་བྱེད་པར་སྣེ་ཁྲིད་བྱེད་པ་དང་། གཟེར་འདེབས་སྙིང་སྟོབས་དར་སྤེལ་དང་། ཀུན་སྤྱོད་ལེགས་བཅོས་བྱེད་པར་ཤུགས་སྣོན། བཅོས་སྒྱུར་དམ་འཛིན་གྱི་ཆུ་ཚད་མཐོར་འདེགས་བཏང་ནས། བཅོས་སྒྱུར་ལག་བསྟར་བྱེད་མཁན་དང་དོན་འཁྱོལ་བྱེད་མཁན་ཡག་པོ་བྱེད་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། བཅོས་སྒྱུར་སྔར་ལས་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པ་སྒུལ་ཤུགས་ཆེན་པོར་བྱས་ཏེ། མིག་སྔའི་བྱ་བ་སྣ་ཚོགས་ཏན་ཏིག་གིས་ཡག་པོར་སྒྲུབ་པ་དང་། དམིགས་འབེན་གཏན་འཁེལ་དམ་འཛིན་ནན་མོ་བྱེད་པ། དཔལ་འབྱོར་འཁོར་སྐྱོད་ལ་ཤུགས་སྣོན་པ། དམངས་འཚོ་ལེགས་བཅོས་དང་བདེ་འཇགས་ཐོན་སྐྱེད། ཞོད་འགོག་གནོད་སེལ། སྤྱི་ཚོགས་བརྟན་བརླིང་སོགས་ཀྱི་ལས་དོན་སྣ་ཚོགས་ལ་སྤྱི་འདོམས་དམ་འཛིན་ཡག་པོ་བཅས་བྱས་ཏེ། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་བློ་བརྟན་འགྱུར་མེད་ངང་ལེགས་སྒྲུབ་བྱེད་དགོས།
སྒྲོལ་མ་སྐྱིད་ཀྱིས་བསྒྱུར།