ཞི་ཅིན་ཕིང་གིས་སུའུ་ཏན་ལྷོ་མའི་ཙུང་ཐུང་ཅི་ཨར་ལ་མཇལ་འཕྲད་གནང་།
2024.09.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

ཟླ9པའི་ཚེས6ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཀྲུང་གོ་རུ་ཡོང་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་རྩེ་ཚོགས་ལ་ཞུགས་པའི་སུའུ་ཏན་ལྷོ་མའི་ཙུང་ཐུང་ཅི་ཨར་ལ་མཇལ་འཕྲད་གནང་། 

ཟླ9པའི་ཚེས6ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཀྲུང་གོ་རུ་ཡོང་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་རྩེ་ཚོགས་ལ་ཞུགས་པའི་སུའུ་ཏན་ལྷོ་མའི་ཙུང་ཐུང་ཅི་ཨར་ལ་མཇལ་འཕྲད་གནང་། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱིས་ཀྲུང་གོ་དང་སུའུ་ཏན་ལྷོ་མའི་བར་གྱི་འབྲེལ་བ་དེ་འཐབ་ཇུས་རོགས་རེས་འབྲེལ་བར་དངོས་སུ་རིམ་སྤོར་བྱས་པ་ཁྱབ་སྒྲོག་གནང་།

ཞི་ཅི་ཕིང་གིས་ཀྲུང་གོ་ནི་སུའུ་ཏན་ལྷོ་མའི་བར་འབྲེལ་བ་འཛུགས་སྔ་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ13འཁོར་བའི་རིང་ལ། ཕྱོགས་གཉིས་ཀའི་ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་ཕྱིན་ཡོད་པ་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད། ཕན་ཚུན་བརྩི་འཇོག་དང་ཟོལ་མེད་མཉམ་ལས་ནི་ཀྲུང་གོ་དང་སུའུ་ཏན་ལྷོ་མའི་འབྲེལ་བ་ཡི་རྨང་གཞི་གལ་ཆེན་ཞིག་ཡིན་ལ། མཉམ་དུ་ལག་རྡང་སྦྲེལ་ནས་འཕེལ་རྒྱས་དོན་གཉེར་བྱ་རྒྱུ་ནི་ཀྲུང་གོ་དང་སུའུ་ཏན་ལྷོ་མའི་འབྲེལ་བ་ཡི་འབྱུང་འགྱུར་ཡང་ཡིན། ནང་དོན་ཕུན་སུམ་ཚོགས་པ་དང་གསོན་ཤུགས་ཀྱིས་ཁེངས་པའི་ཀྲུང་གོ་དང་སུའུ་ཏན་ལྷོ་མའི་བར་གྱི་འབྲེལ་བ་འཛུགས་རྒྱུ་དེ་ནི། རྒྱལ་ཁབ་གཉིས་ཀའི་མི་དམངས་ཀྱི་ཐུན་མོང་གི་རེ་ལྟོས་ཡིན་ལ། ཕུགས་ཀྱི་ཁེ་ཕན་དང་སྒོ་ཀུན་ནས་མཐུན་ཡོད། ཀྲུང་གོ་ཕྱོགས་ཀྱིས་སུའུ་ཏན་ལྷོ་མ་ཕྱོགས་དང་མཉམ་དུ། འཕེལ་རྒྱས་ཀྱི་ཉམས་མྱོང་དང་གོ་སྐབས་མཉམ་སྤྱོད་བྱེད་རྒྱུ་ཡིན་ལ། སློབ་གསོ་དང་ལག་རྩལ་སོགས་ཀྱི་ལས་གཞི་མུ་མཐུད་ལག་བསྟར་བྱེད་པ། རྡོ་སྣུམ་དང་གཏེར་ལས། ཞིང་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོནཔ་བཅས་བྱས་ཏེ། སུའུ་ཏན་ལྷོ་མའི་དཔལ་འབྱོར་སྣ་མང་ཅན་དུ་འཕེལ་བར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་སུའུ་ཏན་ལྷོ་མ་ཕྱོགས་དང་མཉམ་དུ། ད་ཐེངས་ཀྱི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་རྩེ་ཚོགས་ཀྱི་གྲུབ་འབྲས་སོ་སོ་དོན་འཁྱོལ་ཡག་པོ་བྱས་ནས། ཕྱོགས་གཉིས་ཀའི་མཉམ་ལས་ཟབ་སྤེལ་དང་ཏན་ཏིག་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་སུའུ་ཏན་ལྷོ་མའི་ཆབ་སྲིད་བར་བརྒལ་འཕེལ་རིམ་ལ་སྐུལ་འདེད་བརྟན་པོ་གཏོང་རྒྱུར་རྒྱབ་སྐྱོར་བྱ་ངེས་ཡིན་ལ། ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་སུའུ་ཏན་ལྷོ་མའི་ནང་སྲིད་ལ་ཐེ་གཏོགས་བྱེད་པར་ངོ་རྒོལ་བྱ་ངེས་ཡིན་པར་མ་ཟད། སུའུ་ཏན་ལྷོ་མའི་མི་དམངས་ཀྱིས་མདུན་ལམ་དང་ལས་དབང་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན། སུའུ་ཏན་ལྷོ་མ་གང་མགྱོགས་ངང་ཡུན་རིང་ཞི་བདེ་དང་འཕེལ་རྒྱས་ཡོང་བར་སྨོན་འདུན་ཞུས་པ་ཡིན་ལ། ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་གནས་ཡུལ་དུ། སུའུ་ཏན་ལྷོ་མར་་བདེན་འཛིན་གྱི་དྲང་གཏམ་མུ་མཐུད་བཤད་ངེས་ཡིན་པར་མ་ཟད། སུའུ་ཏན་ལྷོ་མའི་ལུགས་མཐུན་ཁེ་དབང་ལ་སྲུང་སྐྱོབ་ཀྱང་བྱ་ངེས་གཏན་ཡིན་ཞེས་ནན་གྱིས་གསུངས།

ཅི་ཨར་གྱིས་སུའུ་ཏན་ལྷོ་མས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ནས། རྒྱལ་ཁབ་གཉིས་ཀའི་འཐབ་ཇུས་རོགས་རེས་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་གཏོང་རྒྱུར་རེ་ལྟོས་བྱེད་ཀྱིན་ཡོད། སུའུ་ཏན་ལྷོ་མས་ཀྲུང་གོའི་ཁེ་ལས་ཀྱིས་སུའུ་ཏན་ལྷོ་མ་རུ་དངུལ་གཏོང་ཚོང་གཉེར་བྱེད་པར་མཁོ་ངེས་ཀྱི་བདེ་འཇགས་ཁོར་ཡུག་བཟང་པོ་ཞིག་འབད་པས་བསྐྲུན་རྒྱུ་ཡིན་ཞེས་བསྟན།

ཝང་དབྱི་མཇལ་འཕྲད་ལ་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།