ཟླ9པའི་ཚེས6ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་ཟི་ལིང་གྲོང་ཁྱེར་རྟ་ཐང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་དུ་སོང་ནས་ཞོད་འགོག་གནོད་སྐྱོབ་བྱ་བར་རྟོག་ཞིབ་བྱས། ཁོས་ནན་གྱིས་བསྟན་དོན། མཐའ་ཟད་བསམ་བློས་མཐའ་ཟད་གནས་ཚུལ་ལ་ཁ་གཏད་འཇལ་བ་དང་། རྒྱུན་སྲོལ་ལས་བརྒལ་བའི་བྱེད་ཐབས་ཀྱིས་སྔོན་དཔག་ལས་བརྒལ་བའི་ཆར་འབབ་ཚད་ལ་ཁ་གཏད་འཇལ་བ། བྱ་བའི་ཆེས་ཆེ་བའི་གཏན་ཁེལ་རང་བཞིན་གྱིས་རང་བྱུང་གནོད་འཚེའི་གཏན་ཁེལ་མིན་པའི་རང་བཞིན་ལ་ཁ་གཏད་འཇལ་ནས། ཞོད་འགོག་གནོད་སྐྱོབ་བྱ་བའི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས།
གནམ་གཤིས་བརྟག་དཔྱད་སྡེ་ཁག་གིས་ལྟ་ཞིབ་བྱས་པ་ལྟར་ན། ཉེ་ལམ་རང་ཞིང་དུ་གནམ་གཤིས་ཟིན་ཐོ་ཡོད་པའི་ཚུན་གྱི་དྲག་ཆར་ཆེས་ཆེན་པོ་བབས་པ་དང་། སྐོར་འདིའི་ཆར་འབབ་ཚད་ཧ་ཅང་ཆེ་བ་དང་ཤུགས་རྐྱེན་ཐེབས་ཚད་ཧ་ཅང་ཆེ་ལ། འབབ་ཡུན་ཧ་ཅང་རིང་བ་དང་། ས་ཁུལ་ཁ་ཤས་ཀྱི་ས་ཞིང་གི་ཆུའི་འདུ་ཚད་བརྒྱ་ཆའི་བདུན་ཅུ་ལས་བརྒལ། དེར་བརྟེན། རྒྱལ་ཁབ་ཞོད་འགོག་ཐན་རྒོལ་སྤྱི་ཁྱབ་བཀོད་འདོམས་པུའུ་དང་རང་བྱུང་ཐོན་ཁུངས་པུའུ་ཡིས་རང་ཞིང་ལ་ཁ་གཏད་དེ་ཞོད་འགོག་ཐད་ཀྱི་རིམ་པ་བཞི་པའི་འཕྲལ་བསྟུན་བྱེད་ཐབས་དང་ས་གཤིས་གནོད་འཚེ་འགོག་སྲུང་གི་རིམ་པ་བཞི་བའི་བྱེད་ཐབས་སྤྱད། སྐོར་འདིའི་ཆར་འབབ་ཚད་ཆེས་ཆེ་ས་ནི་རྟ་ཐང་རྫོང་ཉང་ཉང་རི་བོའི་གནམ་གཤིས་བརྟག་དཔྱད་ས་ཚིགས་ཡིན་པ་དང་། ཁྲིན་ཀང་རི་འདབས་སུ་སོང་ནས། ཆུ་ལོག་གིས་བསྣུབས་པའི་ལམ་གཞི་དང་ཞིང་སར་ལྟ་ཞིབ་བྱས། ཁྲིན་ཀང་གིས་ས་དེའི་ཏང་ཡོན་ལས་བྱེད་པས་ཁྱིམ་ཚང་རེ་རེའི་སྒོ་རྡུང་ནས་བརྡ་བརྒྱབ་པ་དང་། དུས་ཐོག་ཏུ་ཉེན་སེལ་དང་མང་ཚོགས་གནས་སྤོ་དང་བཀོད་སྒྲིག་དོ་དམ་བྱས་པས། མི་སྣར་འཆི་རྨས་མ་བྱུང་བའི་བྱེད་ཐབས་ལ་ཁས་ལེན་གང་ལེགས་བྱས། ཁྲིན་ཁང་གིས་བཤད་རྒྱུར། ལག་ལེན་ལས། གློ་བུར་བྱུང་བའི་རང་བྱུང་གནོད་འཚེ་ལ་ཁ་ཕྱོགས་ནས། ང་ཚོ་ལས་བྱེད་པས་ལས་རྐང་བརྟན་སྲུང་དང་སྔོན་དུ་གདོང་མཆོང་བྱས་པ་དང་། ཉམས་སད་ཐེག་པ་ར་འཕྲོད་བྱུང་། གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་དང་ཏང་ཡོན་གདོང་ལེན་པའི་དཔེ་སྟོན་ནུས་པ་འདོན་སྤེལ་བྱེད་པ་དང་། སྟོབས་ཤུགས་ཡོད་རྒུས་མང་ཚོགས་གནས་སྤོ་དང་བཀོད་སྒྲིག་བྱེད་པའི་ཞབས་ཞུ་འགན་སྲུང་བཟང་བོར་བསྒྲུབ་པ། རེ་བ་སྣ་ཚོགས་ལག་བསྟར་ནན་མོ་བྱེད་པ། ཞོད་འགོག་གནོད་སྐྱོབ་ཀྱི་བྱ་བ་ནམ་ཡང་བཟང་བོར་བསྒྲུབ་སྟེ། ཞིབ་གཅོད་དབྱེ་ཞིབ་ནུས་ལྡན་བྱེད་པ་དང་བཀོད་འདོམས་མཐུན་སྦྱོར་ཤུགས་ལྡན་བྱེད་པ། རྩ་འཛུགས་སྐུལ་སློང་བཟང་བོ་བྱེད་པ། ཏང་ཡོན་ལས་བྱེད་པས་འབད་འཐབ་བྱེད་པ་བཅས་བྱེད་དགོས།
ཁྲིན་ཀང་ཞིང་པ་ཁྱིམ་ཚང་དང་ལམ་རྒྱུད་ཀྱི་ཚོང་ཁང་དུ་སོང་ནས། ཆུ་ལོག་གི་གནོད་ཐེབས་གནས་ཚུལ་ལ་ལྟ་ཞིབ་གསལ་བོ་བྱས། ཁོས་བཤད་རྒྱུར། ཆར་བ་ད་དུང་དུས་ཡུན་རིང་བོ་ཞིག་ལ་འབབ་རྒྱུ་ཡིན་པ་དང་། ཞོར་ཐོན་གནོད་འཚེ་འབྱུང་བའི་ཉེན་ཁ་ད་དུང་ཧ་ཅང་ཆེ་བས། ཚང་མས་ངེས་པར་དུ་ཕན་ཚུན་ལ་རོགས་རམ་བྱེད་པ་དང་སེམས་བདེ་མོས་ཉེན་གཡོལ་བྱེད་དགོས། ཁང་བ་རྡིབ་ན་ཞིག་གསོ་བྱེད་ཆོག་པ་དང་། དངོས་པོ་སྣུབ་ན་ཡང་བསྐྱར་ཉོས་ཆོག་ལ། ཡོད་ཚད་ཇེ་བཟང་ནས་ཇེ་བཟང་དུ་འགྲོ་བ་ཤ་སྟག་ཡིན། ཚང་མས་ཏང་དང་སྲིད་གཞུང་ལ་ཡིད་ཆེས་བྱེད་པ་དང་། ང་ཚོས་སེམས་ཤུགས་གཅིག་སྒྲིལ་བྱས་ན། རྒྱལ་མི་ཐུབ་པའི་དཀའ་ཁག་གཅིག་ཀྱང་མེད་ཟེར།
པེ་ཁྲོན་ཆུ་བོའི་འགྲམ་གྱི་ཉིན་ཀྲང་ལམ་དུ། ཟམ་པ་དང་ལམ་ངོས། ཞོད་འགོག་བཟོ་སྐྲུན་སོགས་ལ་གནོད་འཚེ་ཚད་མི་འདྲ་བ་ཐེབས་པ་དང་། འཕྲལ་བསྟུན་ཉེན་སྐྱོབ་མི་སྣས་ད་དུང་ཉེན་སེལ་དང་གཞུང་ལམ་ཉམས་གསོ་བྱེད་བཞིན་པའི་སྒང་རེད། ཁྲིན་ཀང་གིས་གནོད་སྐྱོབ་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། ཡུལ་དངོས་ནས་བཀོད་གཏོང་བྱས་ནས་གནད་དོན་ཐག་བཅད་ལ། ཡུལ་དངོས་ཀྱི་ལས་བྱེད་མི་སྣར་འཚམས་འདྲི་བྱས་པ་དང་། ཚང་མས་རང་སྟེང་གི་བདེ་འཇགས་ལ་ཁག་ཐེག་བྱེད་པའི་སྔོན་འགྲོའི་འོག ཚན་རིག་དང་མཐུན་པའི་སྒོ་ནས་ལས་ཀ་གཉེར་བ་དང་རེས་སྐོར་ནས་བྱ་བ་བསྒྲུབ་པ། སྟོབས་ཤུགས་ཡོད་རྒུས་ཉེན་སེལ་གནོད་སྐྱོབ་བྱེད་པ་དང་། ཆུ་ལོག་རྒྱུག་ལམ་སྔོན་དུ་ལས་ནས། སྤྱི་ཐུན་ཞབས་ཞུའི་སྒྲིག་ཆས་རྒྱུན་ལྡན་ངང་འཁོར་སྐྱོད་བྱེད་པར་ཁག་ཐེག་བྱེད་པ་དང་། མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་སྒྲིག་ལམ་མྱུར་དུ་སླར་གསོ་བྱེད་རྒྱུའི་མངགས་བཅོལ་ནན་མོ་བྱས།
ཞིང་ཆེན་གྱི་འགོ་ཁྲིད་ཝང་ཝེ་ཏུང་དང་ཝང་ལེན་ཧུའུ། ཀྲུའུ་ཞང་ཧྥིན་བཅས་རྟོག་ཞིབ་ལ་ཞུགས།