ཟླ9པའི་ཚེས5ཉིན་ནས་ཚེས6ཉིན་བར་དུ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཀྲུང་གོ་གནམ་གཤིས་ཅུའུ་བཅས་ཀྱིས་མཉམ་དུ་རྩ་འཛུགས་བྱས་པའི་བར་དབོན་འཛམ་གླིང་རླུང་ཁམས་ཆེན་མོའི་གཞི་གདན་ས་ཚིགས་བཙུགས་ནས་ལོ30འཁོར་བ་དང་མདོ་དབུས་མཐོ་སྒང་གི་དྲོད་ཁང་རླངས་གཟུགས་དང་གནམ་གཤིས་འགྱུར་ལྡོག་གི་རྒྱལ་སྤྱིའི་རིག་གཞུང་བརྗེ་རེས་ཚོགས་འདུ་ཟི་ལིང་གྲོང་ཁྱེར་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་གི་བར་དབོན་རི་བོ་རུ་བསྡུས།
ཚོགས་ར་གཙོ་བོའི་བྱེད་སྒོའི་ཁྲོད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་དང་། ཀྲུང་གོ་གནམ་གཤིས་ཅུའུ་ཡི་ཏང་ཙུའི་ཧྲུའུ་ཅི། ཅུས་ཀྲང་ཁྲིན་ཀྲིན་ལིན། ཀྲུང་གོར་སྡོད་པའི་ཏེན་མག་གི་གཞུང་ཚབ་ཆེན་མོ་ཁུང་མོ་ཁི། འཛམ་གླིང་རླུང་ཁམས་ཆེན་མོ་ལྟ་ཞིབ་དྲ་བའི་འཆར་འགོད་ཚན་རིག་མཛུབ་སྟོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཀི་ལེ་ཀི་ལིས·ཁ་མའེ་ཁི་ཨར་བཅས་ཀྱིས་ཤིས་ཚིག་ཕུལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཚོགས་འདུར་འགོ་འཛིན་བྱས། འཛམ་གླིང་གནམ་གཤིས་རྩ་འཛུགས་ཀྱི་ཀྲུའུ་ཞི་ཨ་པུའུ་ཏུའུ་ལ·ཨའེ་ཧེ་མའེ་ཏི·ཨ་ཨར་མན་ཏུའུ་སི་དང་། ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི་ཏུའུ་ཞང་ཝན། ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲི་ཀྲོའུ་ཞིའུ་ཅི་བཅས་ཀྱིས་བརྙན་ལམ་ནས་ཤིས་ཚིག་ཕུལ།
ཁྲིན་ཀང་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་རྒྱལ་ཁབ་ཕྱི་ནང་གི་ཆེད་མཁས་པ་དང་སྐུ་མགྲོན་ཚོར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས་པ་དང་། དུས་ཡུན་རིང་པོའི་ནང་མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་ལྷག་པར་དུ་གནམ་གཤིས་ལས་དོན་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་མཁན་གྱི་ལས་རིགས་སོ་སོའི་་གྲོགས་པོ་ཚོར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས། ཁོས་སྐར་ཚོགས་དང་སྤྲིན་དཀར་ནི་ལག་པས་རེག་ཙམ་གྱིས་ཐུག་ཐུབ་པ་ལྟ་བུའི་ས་མཐོའི་ཡུལ་གྲུ་འདི་རུ། ཨེ་ཤ་ཡ་དང་ཡོ་རོབ་སྐམ་ས་ཆེན་མོའི་རླུང་ཁམས་ཆེན་མོའི་ལྟ་ཞིབ་ཚད་ལེན་བྱ་གཞག་ལ་ལོ་སུམ་ཅུ་ཙམ་འགོར་ཡོད། མཐོ་སྒང་གི་གྲང་ངར་དང་གསོ་རླུང་མི་འདང་བ་སོགས་རང་བྱུང་ས་བབ་ཧ་ཅང་ཞན་པའི་གནས་འདི་རུ། མིའི་རིགས་ཀྱི་འཚོ་གནས་ལ་འགྲན་སློང་མང་དུ་བྱེད་ནའང་། མི་རབས་ནས་མི་རབས་བར་གྱི་རླུང་ཁམས་ཆེན་མོའི་ལྟ་ཞིབ་ཚད་འཇལ་ལས་དོན་པས་དྲོད་ཁང་གི་མཁའ་རླུང་ཕྱིར་འབུད་དང་རླུང་ཁམས་ཆེན་མོའི་དྲོད་ཚད་བརྟག་དཔྱད། སའི་གོ་ལར་བརྟག་ཞིབ་བཅས་བྱེད་པའི་ལས་འགན་གལ་ཆེན་ཕྲག་སྟེང་དུ་འཁུར་བཞིན་ཡོད། སྐམ་ས་ཆེན་མོའི་རླུང་རྒྱུན་དང་ཤར་རྒྱུད་ཀྱི་དུས་རླུང་འདྲེས་མཚམས་སུ། “དབྱང་གཉིས་ཐཱན་འགྱུར་གྱི་འཁྱོག་ཐིག”ཅིག་བཟོས་ཡོད་པ་དེ་ནི། འཛམ་གླིང་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བར་འདེགས་སྐྱོར་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་སྒྲོམ་གཞིའི་སྤྱི་ཆིངས་ལ་འདེགས་སྐྱོར་བྱེད་པའི་གཞི་འཛིན་ས་གལ་ཆེན་ཞིག་ཏུ་གྱུར་ཡོད། བར་དབོན་རི་བོའི་ཡང་སྟེང་དུ་ལངས་ནས་བྱང་ཕྱོགས་སུ་རྒྱང་ལྟ་བྱེད་སྐབས། གནས་དེ་ནི་ས་མཐོའི་དབང་སྔོན་ཞེས་འབོད་པའི་མཚོ་སྔོན་པོ་ཡིན། “གསེར་ཉ་ཕྱིར་རྐྱལ”བའི་རྒྱབ་ལྗོངས་སུ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔ་ཡོན་དགོངས་པའི་མཛུབ་སྟོན་འོག་ཏུ། རྒྱལ་ཡོངས་ཀྱི་སྟོབས་ཤུགས་བཏོན་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་ནུས་ལྡན་བཏང་སྟེ། རང་གི་མིག་འབྲས་ལ་སྲུང་སྐྱོབ་བྱེད་པ་ལྟར་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱས་པའི་འབྲས་བུ་མངོན་ཡོད། བར་དབོན་རི་བོ་ནས་ལྷོ་ཕྱོགས་སུ་རྒྱང་ལྟ་བྱེད་སྐབས་དེ་ནི“འོད་ཤུགས་གློག་གིས་ཁྱབ་པའི་མཚོ་སྔོན”ཞིག་ཡིན་ཏེ། གནས་དེ་ནི་འཛམ་གླིང་སྟེང་གི་འཕྲུལ་འཁོར་སྒྲིག་སྦྱོར་གྱི་གཞི་ཁྱོན་ཆེས་ཆེ་ཤོས་ཀྱི་འོད་ཤུགས་གློག་གཏོང་གླིང་ཁུལ་ཡིན། ཀྲུང་གོ་ནི་འགན་འཁུར་མཁན་གྱི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ངོས་ནས་བཤད་ན། ནུས་ཁུངས་གཙང་མའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུ་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་ཐོག་རིམ་སྤོར་བྱས་ཏེ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་གྱི་དམིགས་འབེན་ཕྱོགས་སུ་གོམ་སྟབས་བརྟན་པོའི་ངང་མདུན་སྐྱོད་བྱེད་བཞིན་ཡོད། བར་དབོན་རི་བོའི་ནུབ་ཕྱོགས་སུ་ལངས་ནས་རྒྱང་ལྟ་བྱེད་སྐབས་དེ་ནི། ཀྲུང་གོའི་སྐོར་དང་པོར་དངོས་སུ་བཙུགས་པའི་རྒྱལ་ཁབ་སྤྱི་གླིང་སྟེ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རེད། དེ་ནི་དུས་རབས་གསར་པར་ཀྲུང་གོ་གུང་ཁྲན་ཏང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་ཏང་གི་སྒྲིག་ཡིག་ནང་འགོད་རྒྱུ་རྒྱུན་འཁྱོངས་བྱས་ནས། “རྒྱལ་ཁབ་ཀྱི་དོན་ཆེན་”ཞིག་ཏུ་བརྩིས་ཏེ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་པའི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་ཀྱང་རེད། བར་དབོན་རི་བོའི་ཡང་སྟེང་དུ་ལངས་ནས་སྔར་ལས་ཐག་རིང་བའི་སར་རྒྱང་ལྟ་བྱས་པ་ན། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་ཐད་ནས་མཚོ་སྔོན་གྱིས་ཐོག་མཐའ་བར་གསུམ་དུ་བྱེད་ཐབས་སྤྱོད་བཞིན་པ་དང་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་འགུལ་སྐྱོད་བྱེད་བཞིན་པ་མཐོང་ཐུབ། མིའི་རིགས་ཀྱིས་འཛམ་གླིང་ཧྲིལ་པོའི་གནམ་གཤིས་ཁོར་ཡུག་གི་འགྲན་སློང་ལ་ཁ་གཏད་འཇལ་ནས། དག་གཙང་མཛེས་སྡུག་གི་འཛམ་གླིང་དེ་བུ་རབས་ཚ་རྒྱུད་ལ་འཇོག་ཐུབ་པར་ང་ཚོར་ཡིད་ཆེས་བརྟན་པོ་ཡོད་ཅེས་བསྟན།
ཁྲིན་ཀྲིན་ལིན་གྱིས་ལོ30རིང་ལ། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་རྒྱབ་སྐྱོར་ནུས་ལྡན་འོག་ཏུ། ཀྲུང་གོའི་གནམ་གཤིས་མི་སྣས་བར་དབོན་རི་བོའི་སྟེང་དཀའ་བ་དུ་མ་ཁྱད་དུ་བསད་ནས་རྔུལ་ཆུ་གང་མང་བཏོན་ཏེ། གནད་ལ་འཁེལ་བ་དང་དུས་ཐོགགསར་གཏོད། ལེགས་སྐྱེས་འབུལ་བ་བཅས་ཀྱི་ངོ་མཚར་ཆེ་བའི་ལེའུ་བརྩམས་ཡོད། བར་དབོན་འཛམ་གླིང་རླུང་ཁམས་ཆེན་མོའི་གཞི་གདན་ས་ཚིགས་ཀྱིས། འཛམ་གླིང་རླུང་ཁམས་ཆེན་མོའི་གཞི་གདན་དང་མདོ་དབུས་མཐོ་སྒང་གི་གནམ་གཤིས་འགྱུར་ལྡོག་ཞིབ་འཇུག་ཁྱབ་ཁོངས་སུ་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་དམིགས་བསལ་གྱི་གོ་གནས་བཟུང་ཡོད་ཅིང་། དེས་ཀྲུང་གོས་འཛམ་གླིང་ཧྲིལ་པོའི་ཐཱན་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་ཐད་བྱས་རྗེས་ཆེན་པོ་བཞག་ཡོད། བར་དབོན་རླུང་ཁམས་ཆེན་མོའི་ལྟ་དཔྱད་ཚད་འཇལ་དཔྱད་གཞིས། འཛམ་གླིང་ཧྲིལ་པོ་དང་ས་ཁོངས་རང་བཞིན་གྱི་གནམ་གཤིས་དང་དེ་བཞིན་ཁོར་ཡུག་འགྱུར་ལྡོག་ལ་ཞིབ་འཇུག་བྱ་རྒྱུར་བློ་གཏད་ཆོག་པའི་གཞི་གྲངས་ཀྱི་འདེགས་སྐྱོར་མཁོ་འདོན་བྱས་ཡོད་ལ། འཛམ་གླིང་ཧྲིལ་པོའི་རྒྱུན་མཐུད་འཕེལ་རྒྱས་དང“ཐཱན་གཉིས”འཐབ་ཇུས་ལ་ཚན་རིག་དང་མཐུན་པའི་གཞི་འཛིན་ས་ཡང་མཁོ་འདོན་བྱས་ཡོད། ཀྲུང་གོ་གནམ་གཤིས་ཅུའུ་ནི་རྒྱལ་ཁབ་ཀྱིས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་ཚན་རྩལ་གྱི་འདེགས་སྐྱོར་སྡེ་ཁག་གལ་ཆེན་ཞིག་ཡིན་པས། “ཟིལ་རླབས་དགུང་འཕྱུར་གྱི་དུས་རབས”སུ་དམག་བརྡའི་མེ་སྟེགས་ཀྱི་ནུས་པ་འདོན་སྤེལ་བྱེད་བཞིན་ཡོད་ཅིང་། དེང་སྐབས་གནམ་གཤིས་འགྱུར་ལྡོག་གི་འཛམ་གླིང་ཧྲིལ་པོའི་འགྲན་སློང་དང་དེ་བཞིན་ཐལ་དྲགས་པའི་གནམ་གཤིས་དོན་རྐྱེན་ལས་བྱུང་བའི་ཤུགས་རྐྱེན་ཚབས་ཆེན་གྱི་མདུན་དུ། འཛམ་གླིང་ཧྲིལ་པོའི་ཕན་ཚུན་རོགས་རེས་ཀྱིས་སྔར་ལས་ལག་གདང་སྦྲེལ་ཏེ། ཆུ་ཚད་སྔར་ལས་མཐོ་བ་དང་རྒྱལ་ཁབ་སྔར་ལས་མང་བར་ཕན་པ་དངོས་ཐོབ་པའི་འཛམ་གླིང་ཧྲིལ་པོའི་རླུང་ཁམས་ཆེན་མོའི་ལྟ་ཞིབ་ཚད་ལེན་མ་ལག་འཐུས་ཚང་དུ་བཏང་ནས། བདེ་འཇགས་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་སྐྲུན་བྱེད་དགོས་ཞེས་བསྟན།
ཁུང་མོ་ཁི་ཡིས“བར་དབོན་གྱི་འཁྱོག་ཐིག”གིས་ཕུལ་བའི་བྱས་རྗེས་ལ་བསྟོད་བསྔགས་བྱས། ཁོས་རླུང་ཁམས་ཆེན་མོའི་དབྱང་གཉིས་ཐཱན་འགྱུར་གྱི་གར་ཚད་མང་དུ་འགྲོ་བའི་མདུན་དུ། འཕྲལ་མར་བཙོག་འབུད་ཉུང་གཏོང་དང་ལག་གདང་སྦྲེལ་ནས་མཉམ་ལས་བྱས་ཏེ། གནམ་གཤིས་ཀྱི་ཉམས་ཉེན་ལ་ཁ་གཏད་འཇལ་དགོས། ཀྲུང་གོས་སླར་སྐྱེས་ནུས་ཁུངས་ཁྱབ་ཁོངས་ཁྲོད་དུ། འཛམ་གླིང་གི་སྔོན་ཐོན་གོ་གནས་བཟུང་ཡོད་པས། འཛམ་གླིང་ཧྲིལ་པོའི་ཐཱན་ཉུང་ཚུལ་སྒྱུར་ལ་དཔྱད་གཞིར་འཛིན་རུང་བའི་དོན་སྙིང་ལྡན་ཞེས་བསྟན།
ཀི་ལེ་ཀི་ལིས·ཁ་མའེ་ཁི་ཨར་གྱིས་སྔོན་ཆད་བར་དབོན་རི་བོའི་འཛམ་གླིང་རླུང་ཁམས་ཆེན་མོའི་གཞི་གདན་ས་ཚིགས་འཆར་འགོད་དང་འཛུགས་སྐྲུན་བྱེད་སྐབས། ངས་འཛམ་གླིང་གནམ་གཤིས་རྩ་འཛུགས་སུ་ལས་ཀ་བྱེད་ཀྱིན་ཡོད། བར་དབོན་ས་ཚིགས་བཙུགས་ནས་ལོ30སོང་རིང་། ཚད་ཉུང་རླངས་གཟུགས་དང་རླུང་ཞུ་སྤྱིན་པོ། དྲོད་ཁང་རླངས་གཟུགས་སོགས་ལ་ལྟ་ཞིབ་ཚད་ལེན་བྱས་པ་དེ་ནི། སྤྱི་ཚོགས་ལ་བྱས་རྗེས་གལ་ཆེན་བཞག་པ་ཞིག་ཡིན་ལ། ས་ཁུལ་དེའི་ཁོར་ཡུག་འགྱུར་ལྡོག་གི་རྩ་ཆེའི་ཚད་ལྡན་ཡིག་ཆ་ཞིག་ཀྱང་ཡིན། ལྟ་ཞིབ་ཚད་ལེན་གྱི་གཞི་གྲངས་འདི་དག་གིས་ཚན་རིག་གསར་རྙེད་གལ་ཆེན་མང་པོ་ཞིག་དང་ས་ཁོངས་འཕེལ་རྒྱས་ལ་གཞི་འཛིན་ས་དང་དཔྱད་གཞི་གལ་ཆེན་འདོན་སྤྲོད་བྱས་ཡོད། བར་དབོན་རི་བོའི་འཛམ་གླིང་རླུང་ཁམས་ཆེན་མོའི་གཞི་གདན་ས་ཚིགས་ཀྱིས་འབྱུང་འགྱུར་གྱི་ལོ་བཅུ་ཕྲག་ཁ་ཤས་ནང་མུ་མཐུད་ལེགས་སྐྱེས་འབུལ་རྒྱུ་དང་། ང་ཚོས་མཉམ་དུ་འབད་བརྩོན་བྱས་ནས་སྔར་ལས་དྭངས་གཙང་དང་ཐཱན་སྙོམས་སྦྱོར་གྱི་འཛམ་གླིང་གི་དམིགས་འབེན་མངོན་འགྱུར་ཡོང་བར་བྱ་རྒྱུའི་རེ་ལྟོས་ཆེ་ཞེས་བསྟན།
ཚོགས་ར་གཙོ་བོའི་བྱེད་སྒོ་གྲོལ་རྗེས། ཝུའུ་ཞའོ་ཅུན་དང་ཁྲིན་ཀྲིན་ལིན། ཞུང་ཧྲའོ་ཡོན། ཚེ་རིང་ཐར། ལོས་ཀང་སོགས་འགོ་ཁྲིད་དང་འབྲེལ་ཡོད་ཆེད་མཁས་པ་བར་དབོན་རི་བོའི་འཛམ་གླིང་རླུང་ཁམས་ཆེན་མོའི་གཞི་གདན་ས་ཚིགས་སུ་སོང་ནས་ཡུལ་དངོས་སུ་ལག་རྩལ་བརྗེ་རེས་བྱས།
བན་དེ་སྐྱབས་ཀྱིས་བསྒྱུར།