ཀྲུང་གོ་དང་ཨ་ཧྥེ་རི་ཁ་དང་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སློབ་གསོ་དང་རིག་གནས་ཤུལ་བཞག་སྲུང་སྐྱོབ་མཉམ་ལས་ཀྱི་གྲོས་མོལ་ཚོགས་འདུ་ཚེས་དྲུག་ཉིན་པེ་ཅིང་དུ་འཚོགས་འགོ་བརྩམས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་འགོ་རྩོམ་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།
ཏེན་ཞུའེ་ཞང་གིས་བསྟན་དོན། སློབ་གསོ་དང་རིག་གནས་མཉམ་ལས་ནི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་མཐུན་མཉམ་ལས་ཀྱི་གྲུབ་ཆ་གཙོ་བོ་ཡིན། དུས་རབས་གསར་པའི་ཚུན་དུ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ཧྥེ་མི་གཞུང་མཉམ་ལས་འཆར་གཞི་དང་ནུས་པ་འཛུགས་སྐྲུན་འགུལ་སྐྱོད་དང་། མི་གཞུང་བརྗེ་རེས་བཟོ་སྐྲུན་སོགས་གྲོས་འགོ་གལ་ཆེན་ལག་བསྟར་བྱེད་རྒྱུའི་གྲོས་གཞི་བཏོན་ནས། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་སློབ་གསོ་དང་རིག་གནས་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་སྣེ་ཁྲིད་བྱས་པ་དང་། གྲུབ་འབྲས་རབ་དང་རིམ་པ་བླངས།
ཏེན་ཞུའེ་ཞང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་ཨ་ཧྥེ་རི་ཁ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་དང་མཉམ་དུ། སློབ་གསོའི་མཉམ་ལས་རྒྱ་སྐྱེད་དང་ཟབ་སྒྱུར་བྱེད་པ་དང་། རིག་གནས་བརྗེ་རེས་དང་དཔེ་ལྟར་སྐུལ་འདེད་བཏང་སྟེ། ཀྲུང་གོ་དང་ཨ་ཧྥེ་རི་ཁས་ལག་རྡང་སྦྲེལ་ནས་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་དུས་རབས་གསར་པའི་དུས་རྣམ་ཀུན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་སྐྲུན་བྱེད་འདོད་ཡོད། གཅིག་ནི་འཛམ་གླིང་ཧྲིལ་བོའི2030ལོའི་སློབ་གསོའི་གྲོས་རིམ་མྱུར་དུ་ལག་བསྟར་བྱེད་པར་མཉམ་དུ་སྐུལ་འདེད་གཏོང་བ་དང་། གཞི་གྲངས་སློབ་གསོའི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་པ། དགེ་རྒན་གྱི་གསོ་སྦྱོང་སྤེལ་བར་རོགས་བྱས་ནས། ཨ་ཧྥེ་རི་ཁའི་སློབ་གསོ་དེང་རབས་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་དགོས། གཉིས་ནི་ན་གཞོན་ལས་ཞུགས་ལས་སྐྲུན་འཕེལ་རྒྱས་ལ་མཉམ་དུ་ནུས་ཤུགས་འདོན་པ་དང་། ཆུ་ཚད་མཐོ་བའི་ལུའུ་པན་བཟོ་ཁང་མཉམ་སྐྲུན་བྱས་ཏེ། ཨ་ཧྥེ་རི་ཁའི་ན་གཞོན་སྔར་ལས་མང་པོས་མི་ཚེའི་ཕུགས་འདུན་མངོན་འགྱུར་བྱེད་པར་རོགས་བྱེད་དགོས། གསུམ་ནི་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལ་མཉམ་དུ་ཤུགས་སྣོན་པ་དང་། གནའ་དཔྱད་དང་གནའ་ཤུལ་སྲུང་སྐྱོབ་དང་སླར་གསོ། ཆེད་ལས་འཇོན་མི་གསོ་སྦྱོང་དང་ནུས་པ་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་དགོས།
ཨ་ཧྥེ་རི་ཁ་དབུས་མའི་ཙུང་ཐུང་ཐུའུ་ཝ་ཏི་ལ་དང་ཁོ་ཐེ་ཏི་ཝོར་གྱི་ཙུང་ཐུང་གཞོན་པ་ཁི་ནེ། མོ་རི་ཐིའུ་སི་ཡི་ཙུང་ཐུང་གཞོན་པ་པོ་སའེ་རིན། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་དང་རིག་གནས་རྩ་འཛུགས་ཀྱི་སློབ་གསོའི་ལས་རོགས་དང་སྤྱི་ཁྱབ་ལས་འཛིན་པ་ཅཱ་ཉི་ཉི་བཅས་ཀྱིས་སྔ་གཞུག་ཏུ་ཤིས་ཚིག་ཕུལ།
ཀྲུང་གོ་དང་ཨ་ཧྥེ་རི་ཁ་རྒྱལ་ཁབ་ཀྱི་སྲིད་གཞུང་གི་དཔོན་པོ་དང་། མཐོ་རིམ་སློབ་གྲྭ་དང་ལས་རིགས་སློབ་གླིང་གི་འགན་ཁུར་མི་སྣ། ཆེད་མཁས་པ་དང་རིག་གནས་པ། རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་ཚབ་པ་སོགས་མི་བཞི་བརྒྱ་དང་དྲུག་ཅུ་ཙམ་འགོ་རྩོམ་མཛད་སྒོར་ཞུགས།
རིན་ཆེན་མཚོས་བསྒྱུར།