རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཟླ9པའི་ཚེས6ཉིན་གྱི་ཕྱི་དྲོར། པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཀྲུང་གོར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་རྩེ་ཚོགས་ལ་ཞུགས་པ་དང་ཀྲུང་གོར་འཚམས་འདྲིར་ཡོང་བའི་ཧྲིན་ཐོ་མེ་ཧི་ཕུའུ་ལིན་ཞི་ཕི་ཡི་ཙུང་ལི་ཐི་ལའོ་ཝ་ཏཱ་ལ་མཇལ་འཕྲད་གནང་།
ལིས་ཆང་གིས་ཀྲུང་གོ་དང་ཧྲིན་ཐོ་མེ་ཧི་ཕུའུ་ལིན་ཞི་ཕིའི་བར་གྱི་འབྲེལ་བ་སླར་གསོ་བྱུང་བའི་ཚུན་ལ། ཕྱོགས་གཉིས་ཀའི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧྲིན་ཐོ་མེ་ཧི་ཕུའུ་ལིན་ཞི་ཕི་ཡི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད། ཁ་སང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐུ་ཞབས་ཙུང་ལི་དང་གྲོས་མོལ་གནང་སྟེ། ཕྱོགས་གཉིས་ཀའི་བར་གྱི་འབྲེལ་བ་གོང་དུ་སྤེལ་བའི་འཆར་གཞི་གསར་པ་མཉམ་བཀོད་གནང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧྲིན་ཐོ་མེ་ཧི་ཕུའུ་ལིན་ཞི་ཕི་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས། རྒྱལ་ཁབ་གཉིས་ཀའི་འགོ་ཁྲིད་པའི་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱེད་རྒྱུ་དང་། ཆབ་སྲིད་ཐད་ཀྱི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་བ། ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་དོ་ཁུར་བྱེད་ཀྱིན་པའི་གནད་དོན་གལ་ཆེན་དང་འབྲེལ་བ་ཡོད་པའི་ཐད་ནས་བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་བྱེད་པ། ཕྱོགས་གཉིས་ཀའི་དངོས་སྒྲུབ་མཉམ་ལས་ཟབ་སྤེལ་དང་ཏན་ཏིག་ཡོང་བར་སྐུལ་འདེད་གཏོང་བ། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་ཕན་པ་སྔར་ལས་ཆེན་པོ་ཐོབ་པ་བཅས་ལ་རྩེ་གཅིག་ཏུ་འབད་འདོད་ཡོད་ཅེས་གསུངས།
ལིས་ཆང་གིས་ཧྲིན་ཐོ་མེ་ཧི་ཕུའུ་ལིན་ཞི་ཕི་ཕྱོགས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་དང་བརྟན་བརླིང་ལ་སྲུང་སྐྱོབ་དང་དར་རྒྱས་གོང་འཕེལ་ཡོང་བའི་ཐད་ཀྲུང་གོ་ཕྱོགས་ཀྱིས་སྔར་སྲོལ་བཞིན་རྒྱབ་སྐྱོར་བྱེད་ཀྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་རང་ནུས་ཅི་ལྕོགས་སྒོས་ཁྱབ་ཁོངས་སོ་སོའི་ཁྲོད་དུ། ཧྲིན་ཐོ་མེ་ཧི་ཕུའུ་ལིན་ཞི་ཕི་ཕྱོགས་ལ་རོགས་རམ་གང་ལེགས་བྱས་ནས། འཕེལ་རྒྱས་དང་འཛུགས་སྐྲུན་ལ་སྐུལ་འདེད་ནུས་ལྡན་བཏང་སྟེ། འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་ཆེ་རུ་གཏོང་འདོད་ཡོད། ཕྱོགས་གཉིས་ཀས་ཡུལ་སྐོར་ལས་རིགས་དང་ཞིང་ལས་དང་འབྲོག་ལས། སྔོ་མདོག་དཔལ་འབྱོར། ལྗང་མདོག་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་དགོས་ལ། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལས་གཞིར་སྐུལ་འདེད་གང་ལེགས་གཏོང་བ། སྨན་བཅོས་འཕྲོད་བསྟེན་མཉམ་ལས་ཟབ་སྤེལ་གཏོང་བ་བཅས་བྱེད་དགོས་ཞེས་གསུངས།
ཐི་ལའོ་ཝ་ཏཱ་ཡིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་འཐབ་ཇུས་རོགས་རེས་འབྲེལ་བར་དངོས་སུ་རིམ་སྤོར་བྱས་པ་གོ་སྐབས་སུ་བཟུང་ནས། ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། དཔལ་འབྱོར་ཚོང་དོན་དང་རྨང་གཞིའི་འཛུགས་སྐྲུན། ནུས་ཁུངས། ཞིང་ལས། བཟོ་ལས། སློབ་གསོ། འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་སྐྱེད་གཏོང་བ། མི་གཞུང་རིག་གནས་བརྗེ་རེས་རྒྱ་ཆེར་གཏོང་བ་བཅས་བྱས་ཏེ། འབྱུང་འགྱུར་ལ་ཁ་ཕྱོགས་པའི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་སྐྲུན་བྱེད་འདོད་ཡོད་ཅེས་བསྟན།
ཝུའུ་ཀྲིན་ལུང་གོང་གསལ་གྱི་བྱེད་སྒོར་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།