ཧན་ཀྲིན་གྱིས་མོང་གོལ་རྒྱལ་ཁབ་ཏུ་འཚམས་འདྲི་གནང་།
2024.09.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

ཟླ9པའི་ཚེས6ཉིན་ནས་ཚེས8ཉིན་བར་དུ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་གདན་དྲངས་པ་ལྟར་མོང་གོལ་རྒྱལ་ཁབ་ཏུ་འཚམས་འདྲི་གནང་བ་དང་། མོང་གོལ་རྒྱལ་ཁབ་ཀྱི་རྒྱལ་ས་ཝུའུ་ལན་པཱ་ཐའོ་རུ། སྔ་རྗེས་སུ་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ལི་ཨའོ་ཡུན་ཨི་ཨར་ཏེན་དང་ཙུང་ཐུང་ཧུའུ་རི་ལའེ་སུའུ་ཧི། རྒྱལ་ཁབ་གྲོས་ཁང་གི་ཀྲུའུ་ཞི་ཨ་མཱ་ཨར་པ་དབྱི་སི་ཀེ་ལེང་བཅས་ལ་མཇལ་འཕྲད་གནང་།

ཧན་ཀྲིན་གྱིས་ཨའོ་ཡུན་ཨི་ཨར་ཏེན་ལ་མཇལ་འཕྲད་གནང་སྐབས། དུས་རིམ་རྗེས་མའི་ཀྲུང་གོ་དང་མོང་གོལ་གྱི་འབྲེལ་བ་འཕེལ་རྒྱས་གཏོང་དགོས་པའི་ཐད་ནས་གྲོས་འགོ་ལྔ་བཏོན་པ་སྟེ། གཅིག་ནས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་དགོས། གཉིས་ནས་གཉིས་ཕན་མཉམ་ལས་ཟབ་སྤེལ་གཏོང་དགོས། གསུམ་ནས་མི་དམངས་ཕན་ཚུན་རྒྱུས་ལོན་དང་མཛའ་མཐུན་ཡོང་བར་སྐུལ་འདེད་གཏོང་དགོས། བཞི་ནས་ཀྲུང་གོ་དང་མོང་གོལ། ཨུ་རུ་སུ་བཅས་ཀྱི་མཉམ་ལས་ཟབ་སྤེལ་བཏང་ནས། ཀྲུང་གོ་དང་མོང་གོལ། ཨུ་རུ་སུ་བཅས་ཀྱི་དཔལ་འབྱོར་བར་ཁྱམས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། ལྔ་ནས་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ཀྱི་འབྲེལ་གཏུག་མཐུན་སྦྱོར་བྱེད་ཤུགས་སྔར་ལས་ཇེ་དྲག་ཏུ་གཏོང་དགོས་ཞེས་གསུངས།

ཧན་ཀྲིན་གྱིས་ཧུའུ་རི་ལའེ་སུའུ་ཧི་ལ་མཇལ་འཕྲད་གནང་སྐབས། ཐོག་མར་ཞི་ཅིན་ཕིང་གིས་ཁོ་བརྒྱུད་དེ་ཙུང་ཐུང་ཧུའུ་རི་ལའེ་སུའུ་ཧི་ལ་བསྐུར་བའི་བྱམས་བརྩེའི་འཚམས་འདྲི་དང་སྨོན་འདུན་བཟང་པོ་བརྒྱུད་སྒྲོག་བྱས་རྗེས་ནན་གྱིས་བསྟན་དོན། ཀྲུང་གོ་དང་མོང་གོལ་རྒྱལ་ཁབ་གཉིས་ནི་ཁྱིམ་མཚེས་བཟང་བོ་དང་གྲོགས་པོ་བཟང་བོ། ཟླ་གྲོགས་བཟང་བོ་བཅས་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་མཐའ་འཁོར་ཕྱི་འབྲེལ་གྱི་གནས་བབ་གལ་ཆེན་སྟེང་བཞག་ནས། ཕྱོགས་གཉིས་ཀས་མཉམ་དུ་རྒྱལ་ཁབ་གཉིས་ཀའི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྣེ་ཁྲིད་བྱས་ཏེ། རྒྱལ་ཁབ་གཉིས་ཀའི་སྲོལ་རྒྱུན་མཛའ་མཐུན་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་ལྟོས་ཆེ་ཞེས་གསུངས།

ཧན་ཀྲིན་གྱིས་ཨ་མཱ་ཨར་པ་དབྱི་སི་ཀེ་ལེང་ལ་མཇལ་འཕྲད་གནང་སྐབས། མོང་གོལ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་མཛའ་མཐུན་མཉམ་ལས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་དེ་ཕྱི་འབྲེལ་སྲིད་ཇུས་ཀྱི་བྱེད་ཕྱོགས་གཙོ་བོར་བརྩིས་ནས་རྒྱུན་འཁྱོངས་བྱས་པར་བསྟོད་བསྔགས་བྱས་པ་དང་། མོང་གོལ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་པར་བསྟོད་བསྔགས་བྱས་པ་ལས་གཞན། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་སྒྲིག་གཞི་དང་སྲིད་ཏང་བར་གྱི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་རྒྱབ་སྐྱོར་བྱེད་པ་བཅས་ལ་བསྟོད་བསྔགས་བྱས་པར་མ་ཟད། མོང་གོལ་རྒྱལ་ཁབ་གྲོས་ཁང་གིས་ཀྲུང་གོ་དང་མོང་གོལ་རྒྱལ་ཁབ་ཀྱི་འབྲེལ་བ་བརྟན་པོའི་ངང་ཡུན་རིང་འཕེལ་རྒྱས་ཡོང་བར་མུ་མཐུད་སྐུལ་འདེད་གཏོང་ཆེད་ནུས་པ་གལ་ཆེན་འདོན་རྒྱུའི་རེ་ལྟོས་ཆེ་ཞེས་གསུངས།

བན་དེ་སྐྱབས་ཀྱིས་བསྒྱུར།