ཚོགས་སྒྲིག་རྣམ་པའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས།
2024.09.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 12

ཉེ་ལམ། ཚོགས་སྒྲིག་རྣམ་པའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བའི་བཞུགས་མོལ་ཚོགས་འདུ་ཟི་ལིང་དུ་བསྡུས་པ་དང་། ཚོགས་ཐོག་ཏུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་ལ་རྟོག་ཞིབ་བྱེད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དང་དངོས་འབེབས་བྱས་ཤིང་། ཚོགས་སྒྲིག་རྣམ་པའི་མཚོ་སྔོན་རོགས་སྐྱོར་བྱེད་པའི་བྱ་བའི་ཉམས་མྱོང་དང་བྱེད་ཐབས་བརྗེ་རེས་བྱས་ལ། མགོ་རྩོམ་ས་གསར་པའི་སྟེང་ཞིང་ཆེན་ཡོངས་ཀྱི་ཚོགས་སྒྲིག་རྣམ་པའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བའི་ཐད་ནས་འཕེལ་རྒྱས་ཆེན་པོ་ལོན་པར་སྐུལ་འདེད་བཏང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས།

ཁྲིན་ཀང་གིས་བསྟན་དོན། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པ་ནི་ཏང་ཀྲུང་དབྱང་གིས་ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དམིགས་ནས་བཀོད་སྒྲིག་བྱས་པའི་བྱེད་ཐབས་ཧ་ཅང་གལ་ཆེན་ཞིག་ཡིན་པ་དང་། མཚོ་སྔོན་གྱིས་བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་ཆེད་དང་། རྒྱལ་ཡོངས་དང་དུས་མཉམ་དུ་ཁྱོན་ཡོངས་ཀྱི་འབྱོར་འབྲིང་མངོན་འགྱུར་བྱེད་པར་ཚབ་བྱེད་མི་ཐུབ་པའི་བྱེད་ནུས་འདོན་སྤེལ་བྱས་ནས། མཚོ་སྔོན་གྱི་རིགས་སོ་སོའི་མང་ཚོགས་ཀྱིས་མེས་རྒྱལ་ཁྱིམ་གཞིས་ཆེན་མོའི་དྲོལ་ཁོལ་ཚོར་ཐུབ་པར་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་། ཏང་ཀྲུང་དབྱང་གི་བཀའ་དྲིན་དེ་རྒྱལ་ཁབ་ལ་ཞབས་འདེགས་ཞུ་བའི་རེ་མདུན་དང་ཡར་བརྩོན་གྱི་སྟོབས་ཤུགས་སུ་བསྒྱུར་ཏེ། མཚོ་སྔོན་གྱི་ཁ་གཏད་རོགས་སྐྱོར་བྱ་བ་དེ་ལས་དོན་གལ་ཆེན་ཞིག་ཏུ་བརྩིས་ནས་འབད་པ་ལྷོད་མེད་བྱས་ནས། དམངས་ཀྱི་རེ་མདུན་དང་མཐུན་ཞིང་། དམངས་ཚིས་ལ་ཕན་པ། དམངས་སེམས་དྲོད་ཀྱིས་ཁེངས་པའི་དོན་དངོས་སྔར་ལས་མང་པོ་བསྒྲུབ་དགོས་པར་མ་ཟད། ཏང་ཀྲུང་དབྱང་གི་སྲིད་ཇུས་བཟང་པོ་དེ་རིགས་སོ་སོའི་མང་ཚོགས་ཀྱི་བདེ་སྐྱིད་འཚོ་བར་འགྱུར་བར་བྱེད་དགོས།

ཁྲིན་ཀང་གིས་ནན་གྱིས་བསྟན་དོན། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་པར་ངོས་འཛིན་གཏིང་ཟབ་བྱེད་དགོས་ཤིང་། འགན་འཁྲི་གཙོ་བོ་དངོས་འབེབས་ཡག་པོ་དང་སྲིད་ཇུས་འགན་སྲུང་ཤུགས་དྲག་ཏུ་གཏོང་བ། གནད་དོན་གལ་ཆེན་ལ་དུས་ལྟར་ཞིབ་འཇུག་དང་ཐག་གཅོད་བྱས་ནས། བྱ་བར་ཕན་འབྲས་དངོས་ཐོབ་པར་སྐུལ་འདེད་གཏོང་དགོས། མཚོ་སྔོན་ལ་རོགས་བྱེད་པའི་ལས་བྱེད་འཇོན་མིར་བརྩི་འཇོག་དང་སེམས་ཁུར་བྱེད་དགོས་ཤིང་། ཁོ་ཚོའི་བར་བརྗེ་རེས་གང་མང་དང་མཐུན་སྦྱོར་གང་མང་། འབྲེལ་གཏུག་གང་མང་བྱེད་པ་དང་། བྱ་བ་དང་འཚོ་བའི་ཁྲོད་ཀྱི་དངོས་ཡོད་དཀའ་ཁག་ཐག་གཅོད་རོགས་བྱས་ནས། ལས་འཛིན་ལས་གཏོད་ཀྱི་གར་སྟེགས་ཆེན་པོ་ཞིག་འཛུགས་དགོས། མཚོ་སྔོན་ལ་རོགས་བྱེད་པའི་ལས་བྱེད་འཇོན་མིས་སྔོན་ཐོན་གྱི་འདུ་ཤེས་དང་སྔོན་ཐོན་གྱི་བྱེད་ཐབས་དེ་མཚོ་སྔོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། བློ་གཅིག་སེམས་གཅིག་གིས་རོགས་སྐྱོར་བྱེད་ཡུལ་གྱི་འཕེལ་རྒྱས་འཆར་འགོད་དང་། མང་ཚོགས་ལ་བདེ་སྐྱིད་བསྐྲུན་པར་དམིགས་ནས། མཚོ་སྔོན་གྱི་ལས་བྱེད་པར་སྐུལ་ཁྲིད་བྱས་ཏེ་ལྟ་ཚུལ་བསྒྱུར་བ་དང་ནུས་པ་ཇེ་མཐོར་གཏོང་དགོས། ཐོབ་དཀའ་བའི་མི་ཚེའི་བརྒྱུད་རིམ་འདིའི་ཁྲོད་དུ་རང་ཉིད་སྔར་ལས་ལེགས་སྐྱོང་བྱེད་པ་དང་། མཚོ་སྔོན་ལ་རྒྱུས་ལོན་དང་མཚོ་སྔོན་ལ་དགའ་ཞེན། མཚོ་སྔོན་དར་སྤེལ་གཏོང་བ། མཛའ་བརྩེ་དང་ཁར་ཁུར། བློས་གཏོང་བཅས་ལྡན་པར་བྱས་ཏེ། མཚོ་སྔོན་གྱི་མི་བཟང་བོ་བྱེད་པ་དང་། མཚོ་སྔོན་གྱི་ལས་དོན་ཡག་པོར་བསྒྲུབ་པ། མཚོ་སྔོན་གྱི་ལས་སྐལ་དམ་དུ་སྦྲེལ་ནས་མཉམ་དུ་མཚོ་སྔོན་འཛུགས་སྐྲུན་བཟང་པོ་བྱེད་དགོས།

ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱེད་སྐབས་བསྟན་དོན། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་བྱེད་སྐབས་གནང་བའི་གསུང་བཤད་དགོངས་དོན་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་། མཚོ་སྔོན་གྱི་ཁ་གཏད་རོགས་སྐྱོར་ལས་དོན་ཡག་པོར་བསྒྲུབ་པའི་དོན་སྙིང་གལ་ཆེན་ངོས་འཛིན་གཏིང་ཟབ་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་སྨན་བཅོས་དང་། སློབ་གསོ། ཚན་རྩལ་བཅས་ཀྱི་ཚོགས་སྒྲིག་རྣམ་པའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་དོན་ཁག་སོ་སོ་དམ་འཛིན་བྱེད་དགོས། ཚོགས་སྒྲིག་རྣམ་པའི་མཚོ་སྔོན་རོགས་སྐྱོར་བྱེད་པའི་འཆར་གཞིའི་མ་ལག་སྔར་ལས་འཐུས་ཚང་དུ་བཏང་སྟེ། རོགས་སྐྱོར་རྣམ་གྲངས་ལུགས་མཐུན་སྒོས་གཏན་ཁེལ་བྱེད་པ་དང་། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་འཇོན་མིའི་བྱེད་ནུས་འདོན་སྤེལ་བྱེད་པར་དོ་སྣང་བྱེད་པ། རྨང་གཞིའི་བྱེད་ནུས་རྒྱུན་ཆད་མེད་པར་ཤུགས་དྲག་ཏུ་གཏོང་བ་དང་རྩ་བའི་སྒུལ་ནུས་སྔོག་འདོན་བྱེད་དགོས། མཚོ་སྔོན་ལ་རོགས་བྱེད་པའི་ལས་བྱེད་འཇོན་མིའི་ཕྱོགས་སུ་སེམས་ཤུགས་འདོན་པ་དང་ཐུགས་ཁུར་གཅེས་སྐྱོང་གནང་སྟེ། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་འཇོན་མིའི་དཔུང་ཁག་ལ་བྱ་བ་དང་འཚོ་བའི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་དགོས་ཤིང་། ནུས་ཚད་ཆེས་ཆེ་བའི་སྒོ་ནས་མཚོ་སྔོན་ལ་རོགས་བྱེད་པའི་ལས་བྱེད་འཇོན་མིའི་བློ་གྲོས་དང་བྱེད་ནུས་གལ་ཆེན་འདོན་སྤེལ་ཐུབ་པར་བྱེད་དགོས།

ཚོགས་ཐོག་ཏུ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཀྲའོ་ཡུའེ་ཞ་ཡིས་འབྲེལ་ཡོད་དགོངས་དོན་བརྒྱུད་བསྒྲགས་བྱས། རེས་སྐོར་ལྔ་པའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་འཇོན་མིའི་སྤྱིའི་སྣེ་ཁྲིད་པས་ཚོགས་སྒྲིག་རྣམ་པའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བའི་འཕེལ་རིམ་གནས་ཚུལ་སྙན་ཞུ་བྱས། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་འཇོན་མི་དང་། རོགས་སྐྱོར་དང་ལེན་གྱི་ཁུལ་དང་ཞིང་ཆེན་ཐད་གཏོགས་འགན་ནུས་སྡེ་ཁག་གི་འཐུས་མིས་གཏམ་བཤད། ས་ཁུལ་དང་སྡེ་ཁག་གཞན་པས་ཡིག་ཐོག་བརྗེ་རེས་སྤེལ།

ཞིང་ཆེན་གྱི་མགོ་ཁྲིད་ཚེ་རིང་ཐར་དང་། ལོའུ་ཀང་། དབྱང་ཀྲི་ཝུན་བཅས་ཚོགས་འདུར་ཞུགས། ཞིང་ཆེན་ལས་བྱེད་འཇོན་མིའི་ཚོགས་སྒྲིག་རྣམ་པའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཁོངས་མིའི་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ་དང་། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར་བཅས་དྲུག་གི་སྣེ་ཁྲིད་པ་དང་། ཚོགས་སྒྲིག་རྣམ་པའི་རོགས་སྐྱོར་བྱེད་ཡུལ་གྱི་ཁུལ་དང། རྫོང་གི་ཏང་ཨུ་དང་སྲིད་གཞུང་དང་འགན་ཁུར་བློ་མཐུན། འབྲེལ་ཡོད་གྲོང་ཁྱེར་དང་ཁུལ་ཨུའི་རྩ་འཛུགས་པུའུ་ཡི་འགན་ཁུར་བློ་མཐུན། ཚོགས་སྒྲིག་རྣམ་པའི་རོགས་སྐྱོར་བྱེད་ཡུལ་གྱི་ལས་ཁུངས་ཀྱི་འཐུས་མི་བཅས་ཚོགས་འདུར་ཞུགས།

རིག་འཛིན་སྒྲོལ་མས་བསྒྱུར།