2024ལོའི་མཚོ་སྔོན་ཞིང་ཆེན་གྱི་དྲ་རྒྱའི་བདེ་འཇགས་དྲིལ་སྒྲོག་གཟའ་འཁོར་གྱི་བྱ་འགུལ་སྤེལ་མགོ་བརྩམས།
2024.09.10 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 16

ཟླ9པའི་ཚེས9ཉིན། 2024ལོའི་རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་དྲིལ་སྒྲོག་གཟའ་འཁོར་གྱི་མཚོ་སྔོན་གྱི་བྱ་འགུལ་དེ་ཟི་ལིང་དུ་སྤེལ་མགོ་བརྩམས། ཐེངས་འདིའི་བྱ་འགུལ་སྟེང་དྲ་རྒྱའི་བདེ་འཇགས་ནི་མི་དམངས་ཀྱི་ཆེད་ཡིན་ལ། དྲ་རྒྱའི་བདེ་འཇགས་དེ་མི་དམངས་ལ་བརྟེན་དགོས་ཞེས་པ་དེ་བརྗོད་གཞི་བྱས་ཤིང་། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་། ཞིང་ཆེན་ཏང་ཨུའི་དྲ་རྒྱའི་ཆ་འཕྲིན་གཞུང་སྒྲུབ་ཁང་། རྒྱལ་ཁབ་རྩིས་འཁོར་ལྟེ་གནས་མཚོ་སྔོན་ཡན་ལག་ལྟེ་གནས་སོགས་སྡེ་ཁག་དང་ལས་ཁུངས་བཅོ་ལྔས་མཉམ་དུ་འགན་སྒྲུབ་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། ཞིང་ཆེན་ཏང་ཨུའི་དྲ་རྒྱའི་ཆ་འཕྲིན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཝང་ཏ་ནན་གྱིས་བྱ་འགུལ་ལ་བླང་བྱ་བཏོན།

བྱ་འགུལ་གྱི་ཡུལ་དངོས་སུ། བློ་འདྲི་སྟེགས་བུ་འཛུགས་པ་དང་། དྲིལ་སྒྲོག་འཕྲེད་བྱང་འགེལ་བ། འགྲེམ་སྟོན་སྒོ་བྱང་འགེལ་བ་དང་། དྲིལ་སྒྲོག་རྒྱུ་ཆ་བཀྲམས་པ་སོགས་ཐབས་ལམ་མང་པོ་བརྒྱུད་དེ། མང་ཚོགས་ཀྱིས་གོ་བདེ་བ་དང་། ལྟ་འདོད་ལ་ཉན་སྤྲོ་བའི་རྣམ་པར་བརྟེན་ནས། ཞིབ་ཕྲའི་གྱོད་དཔེར་ཟུང་འབྲེལ་བྱས་ཤིང་། དྲ་རྒྱའི་བདེ་འཇགས་དང་གསང་སྲུང་ཤེས་བྱའི་གལ་ཆེའི་རང་བཞིན་དང་། དྲ་རྒྱའི་ནད་དུག་སྔོན་འགོག་བྱེད་པ། མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོབ། དྲ་རྒྱའི་མགོ་སྐོར་སྔོན་འགོག་བྱེད་པ་སོགས་ཀྱི་ནང་དོན་དྲིལ་སྒྲོག་བྱས་ཏེ། མང་ཚོགས་ཀྱིས་དྲ་རྒྱའི་མགོ་སྐོར་སྔོན་འགོག་དང་དྲ་རྒྱའི་བདེ་འཇགས་སྐོར་རྒྱུས་ལོན་བྱེད་ཚད་མཐོར་འདེགས་བཏང་ཞིང་། མང་ཚོགས་ཀྱི་ཁ་གཏད་འཇལ་ནུས་ཇེ་མཐོར་བཏང་ནས། སྤྱི་ཚོགས་ཡོངས་ཀྱིས་མཉམ་དུ་དྲ་རྒྱའི་བདེ་འཇགས་ལ་དོ་ཁུར་བྱེད་པའི་སྣང་ཚུལ་ལེགས་པོ་ཞིག་བསྐྲུན་ཡོད།

དུས་ཡུན་གཟའ་འཁོར་གཅིག་རིང་གི་དྲ་རྒྱའི་བདེ་འཇགས་དྲིལ་སྒྲོག་གཟའ་འཁོར་ནང་། ཞིང་ཆེན་ཡོངས་ཀྱིས་སློབ་རའི་ཉིན་མོ་དང་། གློག་འཕྲིན་ཉིན་མོ། ཁྲིམས་སྐྱོང་ཉིན་མོ། དངུལ་རྩའི་ཉིན་མོ།  ན་གཞོན་ཉིན་མོ། མི་སྒེར་ཆ་འཕྲིན་སྲུང་སྐྱོབ་ཉིན་མོ་སོགས་བརྗོད་དོན་ཉིན་མོའི་བྱ་འགུལ་རབ་དང་རིམ་པ་སྤེལ་བ་དང་། དྲ་རྒྱའི་བདེ་འཇགས་ཤེས་བྱའི་སྐོར་དྲ་སྟེང་ནས་དྲི་བ་དྲིས་ལན་འདེབས་པ། དྲ་རྒྱའི་བདེ་འཇགས་སྤྱི་དམངས་ཀྱིས་ཉམས་ལེན་བྱེད་པའི་འགྲེམ་སྟོན། དྲ་རྒྱའི་བདེ་འཇགས་ཀྱི་ལག་རྩལ་ཧྲ་ལཱོང་དང་། དྲ་རྒྱའི་བདེ་འཇགས་གཞི་རིམ་དུ་བསྐྱོད་པ་སོགས་ཀྱི་མཉམ་འགུལ་བྱ་འགུལ་རབ་དང་རིམ་པ་སྤེལ་བ་དང་། ཕྱོགས་ཡོངས་ནས་དྲ་རྒྱའི་བདེ་འཇགས་སྡེ་ཁུལ་དང་ཞིང་སྡེར་བསྐྱོད་པ། ཁེ་ལས་དང་ལས་ཁུངས་སུ་བསྐྱོད་པ། སློབ་ར་དང་ཁྱིམ་ཚང་དུ་བསྐྱོད་པ་བཅས་ལ་སྐུལ་འདེད་བཏང་ནས། སྤྱི་ཚོགས་ཡོངས་ཀྱིས་དྲ་རྒྱའི་བདེ་འཇགས་ཀྱི་འགོག་ར་མཉམ་བསྐྲུན་བྱེད་པའི་སྣང་ཚུལ་ལེགས་པོ་ཞིག་བསྐྲུན་ཞིང་། དམངས་ཡོངས་ཀྱིས་དྲ་རྒྱའི་བདེ་འཇགས་མཉམ་བསྐྲུན་བྱེད་པ་དང་ཁོར་ཡུག་ལེགས་པོ་མཉམ་སྤྱོད་བྱེད་པར་ཁྲིད་སྟོན་དང་སྐུལ་སློང་བྱས།

ལྷ་མོ་འཚོས་བསྒྱུར།