ཟླ9པའི་ཚེས7ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིང་ཀྲང་ཝུའུ་ཞའོ་ཅུན་གྱིས་ཟི་ལིང་ནས་ཀྲུང་གོ་གཏེར་ལྔའི་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། སྤྱི་གཉེར་པ་ཁྲིན་ཏི་ཞིན་སོགས་དང་བཞུགས་མོལ་བྱས་པ་དང་། མཉམ་དུ་ཞིང་ཆེན་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་མཚོ་སྔོན་རྒྱལ་ཁབ་དངུལ་གཏོང་གིས་ཀྲུང་གོ་གཏེར་ལྔའི་སྡེ་ཚོགས་ཀུང་ཟི་དང་དེའི་ཁོངས་གཏོགས་ཁེ་ལས་བར་དུ་ཀྲུང་གོ་ཚྭ་མཚོ་སྡེ་ཚོགས་འཛུགས་རྒྱུའི་སྐོར་གྱི་སྤྱིའི་གྲོས་མཐུན་བཀོད་པར་བདེན་དཔང་བྱས།
ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཀྲུང་གོ་གཏེར་ལྔའི་སྡེ་ཚོགས་ཀུང་ཟིས་དུས་རྒྱུན་མཚོ་སྔོན་མཐོ་སྒང་དུ་རྐང་ཚུགས་ནས། གཏེར་ལས་ཀྱི་རིགས་གཙོ་བོར་བཟུང་ནས། རྒྱལ་ཁབ་ལ་ཞབས་འདེགས་ཞུ་བའི་འཐབ་ཇུས་བཏོན་པར་བཀའ་དྲིན་ཞུས་པ་དང་། སྒྲིག་འཛུགས་ལས་དོན་ཁྲོད་དཀའ་སྤྱད་འབད་བརྩོན་བྱས་པའི་ཕྱོགས་སོ་སོའི་རུ་ཁག་ལ་གུས་འདུད་ཞུས། ཁོ་གཉིས་ཀྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་ཚད་མཐོའི་མཐོང་ཆེན་གནང་བའི་དང་། ཆེས་ཆེ་བ་གསུམ་གྱི་མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་ དང་སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་གོ་གནས་གལ་ཆེན་གཏན་འཁེལ་གསལ་བོ་བྱས་པ་དང་། མཐོ་ས་དང་གནས་བཞི་འཛུགས་སྐྲུན་བྱེད་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་གསལ་སྟོན་བྱས་ཡོད། མཚོ་སྔོན་གྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཟབ་མོ་བྱས་ཏེ། རང་འགུལ་སྒོས་རྒྱལ་ཡོངས་ལ་ཞབས་འདེགས་ཞུ་བའི་ཇུས་ཆེན་ནང་ཞུགས་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཚྭ་མཚོའི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཚྭ་མཚོ་སྡེ་ཚོགས་འཛུགས་པ་དེར་ཚྭ་མཚོའི་ཐོན་ལས་འཕེལ་རྒྱས་ཀྱི་ལོ་རྒྱུས་ཐོག་དོན་སྙིང་ཆེན་པོ་ལྡན། ཕྱོགས་སོ་སོས་གྲོས་མཐུན་གྱི་ནང་དོན་ལྟར་འགན་འཁྲི་ལག་བསྟར་ནན་ཏན་དང་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱས་ཏེ། ནུས་ཤུགས་ཡོད་དགུ་བཏོན་ནས་རྩ་འཛུགས་བྱ་བར་སྐུལ་འདེད་གཏོང་བར་མ་ཟད། ཐེངས་འདིར་གྲོས་མཐུན་བཀོད་པ་གོ་སྐབས་སུ་བཟུང་སྟེ། ཀྲུང་དབྱང་དང་ས་གནས་ཀྱི་མཉམ་ལས་དང་། གཉིས་ཕན་མཉམ་རྒྱལ་ལ་སྐུལ་འདེད་བཏང་ནས་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས།
ཁྲིན་ཏི་ཞིན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དུས་ཡུན་རིང་པོར་ཀྲུང་གོ་གཏེར་ལྔའི་སྡེ་ཚོགས་ཀུང་ཟི་ལ་རྒྱབ་སྐྱོར་བྱས་པ་དང་། ལྷག་པར་དུ་ཇུས་འགོད་དང་སྒྲིག་འཛུགས་ཁྲོད་ཀྲུང་གོ་གཏེར་ལྔའི་སྡེ་ཚོགས་ཀུང་ཟི་ལ་ཡིད་ཆེས་དང་མཛུབ་སྟོན་བྱས་པར་ཐུགས་རྗེ་ཆེ་ཞུས་པར་མ་ཟད། ཀུང་ཟིའི་འཕེལ་རྒྱས་དང་གཉེར་སྐྱོང་། མཚོ་སྔོན་དུ་མ་དངུལ་འཇོག་པའི་གནས་ཚུལ་སོགས་ངོ་སྤྲོད་བྱས། ཁོས་བཤད་རྒྱུར། ཀྲུང་གོ་ཚྭ་མཚོ་སྡེ་ཚོགས་འཛུགས་རྒྱུ་ནི་ཀྲུང་གོ་གཏེར་ལྔའི་སྡེ་ཚོགས་ཀུང་ཟི་དང་མཚོ་སྔོན་ཞིང་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་དོན་དངོས་རང་བཞིན་གྱི་བྱེད་ཐབས་ཤིག་ཡིན། ཀྲུང་དབྱང་གི་ཁེ་ལས་དང་ས་གནས་མཉམ་ལས་ཀྱི་མིག་དཔེ་གསར་པ་ཞིག་ཏུ་གྱུར་ཡོད། ཀྲུང་གོ་གཏེར་ལྔའི་སྡེ་ཚོགས་ཀུང་ཟིས་ནུས་ཤུགས་ཡོད་རྒུས་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས་ལག་རྩལ་གསར་གཏོད་ལ་བརྟེན་ནས་ཐོན་ལས་གསར་གཏོད་ལ་སྣེ་ཁྲིད་དང་། མཚོ་སྔོན་གྱི་ཚྭ་མཚོ་དེ་ཐོན་ཁུངས་ནས་རྒྱུ་ཆར་བསྒྱུར་བ་དང་། རྒྱུ་ཆ་ནས་ཐོན་རྫས་སུ་བསྒྱུར་བ། ཐོན་རྫས་ཐོན་སྐྱེད་བྱེད་པ་མངོན་འགྱུར་བྱས་ཏེ། མཐའ་མར་ཚྭ་མཚོའི་ཐོན་ཁུངས་ཀྱི་ཕྱོགས་བསྡུས་བེད་སྤྱོད་རིན་ཐང་ཆེས་ཆེ་བར་འགྱུར་བ་དང་། ཚད་ཆེས་མཐོ་བའི་སྒོ་ནས་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་དང་ཐོན་ཁུངས་ཀྱི་བདེ་འཇགས་འགན་སྲུང་ནུས་པ་ཇེ་མཐོར་གཏོང་རྒྱུ་ཡིན། དུས་མཚུངས་སུ། ཕྱོགས་གཉིས་ཀྱིས་ཀྲུང་གོའི་ཚྭ་མཚོ་སྡེ་ཚོགས་དེ་འགོ་འཛུགས་སར་བྱས་ཏེ་གཏེར་རྫས་ཐོན་ཁུངས་གསར་སྤེལ་དང་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་སྔར་ལས་ལྷག་པར་རྒྱ་ཆེར་གཏོང་དགོས།
ཞིང་ཆེན་གྱི་མགོ་ཁྲིད་ཀྲུའུ་ཞང་ཧྥིན་དང་ལིའུ་ཁྲའོ་ཚོགས་འདུར་ཞུགས།
ཚེ་མགོན་རྒྱལ་གྱིས་བསྒྱུར།