ལིས་ཆང་གིས་སི་ཕེན་གྱི་དབུ་བཞུགས་བློན་ཆེན་སང་ཆེ་སིར་གྲོས་མོལ་གནང་།
2024.09.10 ཁུངས། ཀློག་གྲངས། 12

ཟླ9པའི་ཚེས9ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཀྲུང་གོར་འཚམས་འདྲིར་ཕེབས་པའི་སི་ཕེན་གྱི་དབུ་བཞུགས་བློན་ཆེན་སང་ཆེ་སིར་གྲོས་མོལ་གནང་།

ཟླ9པའི་ཚེས9ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཀྲུང་གོར་འཚམས་འདྲིར་ཕེབས་པའི་སི་ཕེན་གྱི་དབུ་བཞུགས་བློན་ཆེན་སང་ཆེ་སིར་གྲོས་མོལ་གནང་།

ལིས་ཆང་གིས་ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་སི་ཕེན་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་མཐོང་ཆེན་གང་ལེགས་བྱེད་ཀྱིན་ཡོད།  ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐུ་ཞབས་དབུ་བཞུགས་བློན་ཆེན་དང་མཇལ་འཕྲད་གནང་སྟེ། ཕྱོགས་གཉིས་ཀའི་འབྲེལ་བའི་འཐབ་ཇུས་རང་བཞིན་གྱི་གནད་དོན་གལ་ཆེན་ཐད་ནས་དགོངས་འཆར་བརྗེ་རེས་གཏིང་ཟབ་བྱ་རྒྱུ་རེད། སང་ལོ་ནི་རྒྱལ་ཁབ་གཉིས་ཀས་ཕྱོགས་ཡོངས་འཐབ་ཇུས་རོགས་རེས་འབྲེལ་བ་བཙུགས་ནས་ལོ20འཁོར་བའི་ལོ་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་སི་ཕེན་ཕྱོགས་དང་མཉམ་དུ། གོ་སྐབས་དེ་དང་བསྟུན་ནས་རྒྱལ་ཁབ་གཉིས་ཀའི་འགོ་ཁྲིད་པའི་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱེད་རྒྱུ་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། འཐབ་ཇུས་ཀྱི་ངེས་གནས་ལྡན་པའི་ཕྱོགས་གཉིས་ཀའི་འབྲེལ་བ་མཉམ་སྐྲུན་བྱེད་པ། འཕེལ་རྒྱས་འཐབ་ཇུས་དང་འབྲེལ་བའི་ཆུ་ཚད་མཐོ་བའི་སྦྲེལ་མཐུད་དང་དཔལ་འབྱོར་འཕར་བའི་སྒུལ་ཤུགས་མཉམ་འདྲེས་གཏིང་ཟབ་ཡོང་བར་རྩེ་གཅིག་ཏུ་དམིགས་པ་བཅས་བྱས་ནས། རྒྱལ་ཁབ་གཉིས་ཀའི་གཉིས་ཕན་མཉམ་ལས་ལ་གྲུབ་འབྲས་དངོས་སྔར་ལས་གང་ཐོབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།

ལིས་ཆང་གིས་ཀྲུང་གོ་ཕྱོགས་ཀྱིས་སི་ཕེན་ཕྱོགས་དང་མཉམ་དུ། ཕྱོགས་གཉིས་སུ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་དང་། རྒྱལ་མཚམས་ལས་བརྒལ་བའི་དྲ་ཐོག་ཚོང་དོན་དང་སྟབས་བདེའི་ཟོག་འགྲེམས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།“དབྱི་ཝུའུ་ནས་མ་ཏི་ལིས”བར་གྱི་ཀྲུང་གོ་དང་ཡོ་རོབ་བར་གྱི་དུས་གཏན་མེ་འཁོར་གཉེར་སྐྱོང་ཡག་པོ་བཅས་བྱས་ནས། རྒྱལ་ཁབ་གཉིས་ཀའི་ཚོང་དོན་དངུལ་གཏོང་མཉམ་ལས་ཇེ་ལེགས་སུ་གཏོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་སི་ཕེན་སོགས་ཕྱི་རྒྱལ་གྱི་ཁེ་ལས་ཀྲུང་གོ་རུ་ཡོང་ནས་མ་དངུལ་གཏོང་བར་སྔར་ལས་སྟབས་བདེ་ཅན་གྱི་རྒྱབ་སྐྱོར་བྱ་རྒྱུ་ཡིན། སི་ཕེན་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་སི་ཕེན་དུ་སོང་ནས་མ་དངུལ་གཏོང་བར་དྲང་གཞག་དང་བདེ་འཇགས། མཐོང་ཆུང་མི་བྱེད་པ། སྔོན་དཔག་ཐུབ་པ་བཅས་ཀྱི་ཚོང་གཉེར་ཁོར་ཡུག་བསྐྲུན་རྒྱུའི་རེ་བ་ཡོད།  ཀྲུང་གོ་ཕྱོགས་ཀྱིས་སི་ཕེན་ཕྱོགས་དང་མཉམ་དུ། ལྗང་མདོག་དང་གསར་གཏོད་ལ་དམ་པོར་དམིགས་ཏེ། རང་ངོས་འཕེལ་རྒྱས་དང་ཚུལ་སྒྱུར་གྱི་དགོས་མཁོ་ཐག་གཅོད་བྱེད་པ་དང་། ནུས་ཁུངས་གསར་པ་དང་ནུས་ཁུངས་གྲོན་ཆུང་། ཁོར་ཡུག་སྲུང་སྐྱོབ། གཞི་གྲངས་དཔལ་འབྱོར། འཇིག་རྟེན་འཕུར་སྐྱོད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་གསུངས།

སང་ཆེ་སི་ཡིས་སི་ཕེན་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་མཐོང་ཆེན་གང་ལེགས་བྱེད་ཀྱིན་ཡོད། རྒྱལ་ཁབ་གཉིས་ཀྱི་རིམ་པ་སོ་སོའི་བར་གྱི་འགྲོ་འོང་སྔར་ལས་ཇེ་དམ་དུ་གཏོང་བ་དང་། སི་ཕེན་དང་ཀྲུང་གོའི་བར་གྱི་ཕྱོགས་ཡོངས་འཐབ་ཇུས་རོགས་རེས་འབྲེལ་བའི་ནང་དོན་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། བསམ་ཤེས་དང་མཉམ་ལས་ཀྱི་སྙིང་སྟོབས་རྒྱུན་འཛིན་བྱེད་པ། ཕན་ཚུན་བར་གྱི་སྐད་ཆ་བཤད་རེས་དང་འབྲེལ་གཏུག་ལ་ཤུགས་སྣོན་པ། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ། ཕྱོགས་གཉིས་ཀའི་དཔལ་འབྱོར་ཚོང་དོན་དང་དངུལ་གཏོང་། ལྗང་མདོག་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་རྒྱ་ཆེར་གཏོང་བ། རིག་གནས་དང་སློབ་གསོ། ཚན་རྩལ་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་ལ་ཤུགས་སྣོན་པ། རྒྱལ་ཁབ་གཉིས་ཀའི་མི་དམངས་བར་ཕན་ཚུན་ཤེས་རྟོགས་དང་མཛའ་བརྩེ་སྔར་ལས་ཇེ་དམ་དུ་གཏོང་བ་བཅས་བྱ་རྒྱུའི་རེ་ལྟོས་ཆེ་ཞེས་བསྟན།

གྲོས་མོལ་ཚར་རྗེས་རྒྱལ་ཁབ་གཉིས་ཀའི་འགོ་ཁྲིད་པས་དཔལ་འབྱོར་དང་རིག་གནས། སློབ་གསོ། ཚན་རྩལ་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་ཀའི་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་བཀོད་པར་མཉམ་དུ་བདེན་དཔང་གནང་།

གྲོས་མོལ་མ་བྱས་པའི་སྔོན་ལ། ལིས་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མ་རུ། སང་ཆེ་སིར་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས།

ཝུའུ་ཀྲིན་ལུང་གོང་གསལ་གྱི་བྱེད་སྒོར་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།