ཟླ9པའི་ཚེས9ཉིན་ནས་ཚེས10ཉིན་བར། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་པ་བསྡུས་ཏེ། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱུན་ལས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་བདུན་པའི་དགོངས་དོན་བཅས་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཤིང་། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས་ལག་བསྟར་དོན་འཁྱོལ་བྱས་ཏེ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ཆུ་ཁུངས་སྐྱིལ་གསོག་ནུས་པ་སྲུང་སྐྱོབ་དང་ཇེ་མཐོར་འགྲོ་བར་སྐུལ་འདེད་གཏོང་བར་དམིགས་ནས་གྲོས་མོལ་སྲིད་གླེང་བྱས་ཤིང་། འབྲེལ་ཡོད་མི་དོན་སྐོར་གྱི་དོན་དག་ལ་གྲོས་ཞིབ་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད།
གྲོས་ཚོགས་སྟེང་། ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིས་ཞའོ་ནཱན་གཉིས་ཀྱིས་ཆེད་དོན་སྙན་ཞུ་དང་རྟོག་ཞིབ་གནས་ཚུལ་གྱི་སྙན་ཞུ་ཕུལ་བ་དང་། སྐལ་བཟང་དང་ཚའོ་ཀཱང་ཁྲའོ། ཝང་ཅཱན། དབྱང་ཆི་ཧྥུའུ། ཏིན་ལིས། ཀྲང་ཞིན་མེན། ཡཱན་ཀའོ་ཧྥུན་བཅས་བློ་མཐུན་བདུན་གྱིས་ཚོགས་ཆེན་སྟེང་གཏམ་བཤད། ཡིག་ཐོག་བརྗེ་རེས་རྒྱུ་ཆ་ཁག་བཅུ་དགུ་འགྲེམ་སྤེལ་བྱས་ཏེ། བསམ་འཆར་དང་གྲོས་གཞི་ལེགས་པོ་གང་མང་བཏོན། ཚང་མས་བལྟས་ན། རང་ཞིང་གིས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཡིད་ལ་དམ་པོར་བཟུང་ཞིང་། ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་ངེས་གནས་དང་སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་ཀྱི་གོ་གནས་ལ་རྐང་བཙུགས་ཏེ། གངས་རི་འཁྱགས་རོམ་དང་། མཚོ་དང་མཚེའུ། བརླན་ས་དང་ས་འཁྱགས། རྩྭ་ཐང་སྤང་ས། བྱེ་ས་དང་གྲམ་ཐང་སོགས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་སླར་གསོ་བྱེད་པར་གཅིག་གྱུར་སྒོས་སྐུལ་འདེད་བཏང་བས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་མ་ལག་གི་ཆུ་ཁུངས་སྐྱིལ་གསོག་ནུས་པ་མངོན་གསལ་སྒོས་མཐོར་འདེགས་བྱུང་ཡོད།
གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་བྱས་ནས་གོ་བ་ཟབ་མོ་ལེན་པའི་ཐད་རྒྱུན་མཐུད་སྒོས་ཤུགས་འདོན་པ་དང་། ཕྱོགས་ཡོངས་ནས་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་སྤེལ་བའི་བརྗོད་གཞི་དང་། རྩ་དོན་གཙོ་བོ། བྱེད་ཐབས་གལ་ཆེན། གཞི་རྩའི་འགན་ལེན་བཅས་ལ་རྒྱུས་ལོན་དང་དམ་འཛིན་ནན་མོ་བྱས་ནས། རང་རྟོགས་སྒོས་ཕྱོགས་ཡོངས་ནས་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་སྤེལ་བའི་རྒྱབ་སྐྱོར་པ་དང་སྐུལ་འདེད་པ། ལག་ལེན་པ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བར་སེམས་ཤུགས་གཅིག་སྒྲིལ་བྱེད་དགོས། མི་དམངས་སྲིད་གྲོས་ཀྱིས་བཅོས་སྒྱུར་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་འབད་བརྩོན་ཁ་ཕྱོགས་དང་ཤུགས་འདོན་ས་གཙོ་བོ་ཡང་དག་སྒོས་འཚོལ་བ་དང་། རྒྱལ་ཁབ་སྤྱི་གླིང་གི་ལམ་ལུགས་རྐྱེན་སྲོལ་གསར་གཏོད་བྱེད་པ་དང་ཐཱན་རྩེར་སོན་གྱི་སྔོན་སྐྱོད་དཔེ་ལྟ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ། དག་གཙང་ནུས་ཁུངས་འཕེལ་རྒྱས་གཏོང་བ། ལྗང་མདོག་རྩིས་ནུས་ཐོན་ལས་རྟེན་གཞི་འཛུགས་སྐྲུན་བྱེད་པ། མཐོ་སྒང་གསོ་རིག་ཁམས་གསོ་དང་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་གཞི་འགོད་པ་སོགས་ཀྱི་བཀོད་སྒྲིག་གཙོ་བོར་དམ་པོར་དམིགས་ཏེ། སྔ་ས་ནས་སང་ལོའི་རྟོག་ཞིབ་གྲོས་མོལ་དཔྱད་གཞིར་ཞིབ་འཇུག་དང་འཆར་འགོད་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་གྲོས་མོལ་བློ་འདོན་གྱི་སྔོན་སྐྱོད་རང་བཞིན་དང་དམིགས་གཏད་རང་བཞིན། དངོས་ཕན་རང་བཞིན་བཅས་ལ་ཤུགས་སྣོན་དགོས། གཟེར་འདེབས་སྙིང་སྟོབས་ལ་བརྟེན་ནས་སྲིད་གྲོས་རང་ངོས་བཅོས་སྒྱུར་གྱི་ལས་འགན་དོན་འཁྱོལ་དམ་འཛིན་ལེགས་པོ་བྱེད་པ་དང་། ལམ་ལུགས་ཅན་དང་ཚད་ལྡན་ཅན། གོ་རིམ་ཅན་སོགས་ཀྱི་ནུས་པ་འཛུགས་སྐྲུན་བྱེད་པར་ཤུགས་བསྣན་ནས། སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློ་མཚོན་པ། མང་ཚོགས་ལ་འབྲེལ་འདྲིས་བྱེད་པ། མི་དམངས་ལ་ཞབས་འདེགས་ཞུ་བ་དང་དམངས་གཙོའི་ལྟ་སྐུལ་བཅས་ཀྱི་ལམ་ལུགས་རྐྱེན་སྲོལ་འཐུས་ཚང་བཙུགས་ཏེ། ཆེད་དམིགས་གྲོས་མོལ་ལས་ཁུངས་ཀྱི་འགན་ནུས་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་དགོས་ཞེས་བསྟན།
མགོ་རྩོམ་ཚོགས་འདུའི་སྟེང་། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཡོན་ཀྲང་ཀྲང་ཙིག་ཅུན་གདན་ཞུ་བྱས་ཏེ་ཁྲིམས་སྐྱོང་འདུ་ཤེས་རྒྱུན་མཐུད་སྒོས་མཐོར་འདེགས་གཏོང་བ་དང་ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་བྱེད་པར་མཉམ་དུ་སྐུལ་འདེད་གཏོང་དགོས་ཞེས་པར་གཞིགས་ནས་ཆེད་དོན་འཆད་ཁྲིད་སྤེལ།
ཝང་ཞོན་དང་། ཝང་ཀྲིན་ཁྲང་། ཀྲང་ཞའོ་རུང་། ལིས་ཞའོ་ནཱན། གསེར་ཁྲི་ཆོས་ཀྱི་བློ་གྲོས་རྒྱ་མཚོ། མཱ་ཡུའེ་ཞཱང་། ཕིན་ཡིའུ་ཏུང་། ཞའེ་པའོ་ཨིན་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་བཅས་གྲོས་ཚོགས་ལ་ཞུགས།
ལྷ་མོ་འཚོས་བསྒྱུར།