ཟླ9པའི་ཚེས10ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་དངོས་སུ་རྒྱལ་དོན་འཚམས་འདྲི་བྱེད་པར་ཡོང་བའི་ནོར་ཝེའི་དབུ་བཞུགས་བློན་ཆེན་སི་ཐི་ལེ་དང་གྲོས་མོལ་གནང་།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཟླ9པའི་ཚེས10ཉིན་གྱི་སྔ་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་དངོས་སུ་རྒྱལ་དོན་འཚམས་འདྲི་བྱེད་པར་ཡོང་བའི་ནོར་ཝེའི་དབུ་བཞུགས་བློན་ཆེན་སི་ཐི་ལེ་དང་གྲོས་མོལ་གནང་།
ལིས་ཆང་གིས་བསྟན་དོན། ད་ལོ་ནི་ཀྲུང་གོ་དང་ནོར་ཝེ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་བདུན་ཅུ་འཁོར་བའི་ལོ་རེད། མིག་སྔར་ཀྲུང་གོ་དང་ནོར་ཝེའི་འབྲེལ་བ་བདེ་ཐང་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་བཞིན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁ་སང་སྐུ་ཞབས་དབུ་བཞུགས་བློན་ཆེན་དང་མཉམ་དུ་གྲོས་མོལ་མཛད་ནས། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་བདུན་ཅུ་འཁོར་བའི་ཉམས་མྱོང་ཕྱོགས་བསྡོམས་བྱས་པ་དང་། ཕྱོགས་གཉིས་ཀྱི་འབྲེལ་བ་སྔར་ལས་གཏིང་ཟབ་ཏུ་གཏོང་བའི་འཐབ་ཇུས་ཀྱི་འཆར་འགོད་བཟོས། ལོ་རྒྱུས་ཀྱི་མགོ་རྩོམ་ས་གསར་པ་ནས་ལངས་ཏེ། ཀྲུང་གོ་ཕྱོགས་ཀྱིས་ནོར་ཝེ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་ལེགས་པོ་བྱེད་པ་དང་། ཆབ་སྲིད་ཀྱི་ཡིད་རྟོན་རྒྱུན་ཆད་མེད་པར་ཇེ་ཆེར་གཏོང་བ་དང་། ཕན་ཚུན་གོང་བཀུར་དང་འདྲ་མཉམ་ཀྱི་ལྟ་ཚུལ་འཛིན་པ། གཉིས་ཕན་མཉམ་རྒྱལ་བཅས་རྒྱུན་འཁྱོངས་བྱས་ཏེ། རིམ་པ་སོ་སོ་དང་ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་དངོས་གཉེར་མཉམ་ལས་དེ་གོམ་སྟབས་བརྟན་པོས་སྐས་རིམ་གསར་པར་སླེབས་པར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་པ་དང་། འཛམ་གླིང་ཧྲིལ་བོའི་ཞི་བདེ་འཕེལ་རྒྱས་བྱ་གཞག་ལ་སྐུལ་འདེད་གཏོང་བར་བྱས་རྗེས་གལ་ཆེན་འཇོག་འདོད་ཡོད།
ལིས་ཆང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ནོར་ཝེའི་བར་གྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་སྔར་ལས་རྒྱ་བསྐྱེད་པ་དང་སྤུས་ཚད་མཐོར་འདེགས་གཏོང་བར་སྐུལ་འདེད་བཏང་ནས། ཉོ་ཚོང་དང་དངུལ་རྩ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་སྦས་ཤུགས་འདོན་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ནོར་ཝེས་ཀྲུང་གོའི་ཁྲོམ་རའི་དངུལ་གཏོང་རྒྱ་བསྐྱེད་པར་དགའ་བསུ་ཞུས་པ་ཡིན་ལ། ནོར་ཝེ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ཁེ་ལས་ཕན་ཚུན་གྱི་རྒྱལ་ཁབ་ལ་སོང་ནས་དངུལ་གཏོང་ལས་སྤེལ་བྱེད་པར་སྤུས་ལེགས་ཀྱི་ཚོང་གཉེར་ཁོར་ཡུག་བསྐྲུན་འདོད་ཡོད། ཕྱོགས་གཉིས་ཀྱིས་རིག་གནས་དང་སྒྱུ་རྩལ། སློབ་གསོ། ཡུལ་སྐོར། ལུས་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱུན་མཐུད་སྒོས་གཏིང་ཟབ་ཏུ་སྤེལ་ནས། མི་སྣའི་འགྲོ་འོང་ལ་སྟབས་བདེ་བསྐྲུན་དགོས། ཀྲུང་གོ་ཕྱོགས་ཀྱིས་ནོར་ཝེ་ཕྱོགས་དང་མཉམ་དུ་ལག་རྡང་སྦྲེལ་ནས་ལྗང་མདོག་འཕེལ་རྒྱས་དང་། སྲོལ་རྒྱུན་ཐོན་ལས་ལྗང་མདོག་ཚུལ་སྒྱུར་བྱེད་པར་ཤུགས་སྣོན་པ། ལྗང་མདོག་གསར་དར་ཐོན་ལས་སྐྱེད་སྲིང་བྱེད་པ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། རྒྱལ་སྤྱིའི་མཉམ་ལས་ཟབ་མོར་སྤེལ་བ་དང་། འཛམ་གླིང་ཧྲིལ་བོའི་ནམ་ཟླ་དང་ཁོར་ཡུག་བཅོས་སྐྱོང་དེ་སྔར་ལས་འདྲ་མཉམ་ལུགས་མཐུན་དང་མཉམ་ལས་མཉམ་རྒྱལ་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ་དང་། ལག་རྡང་སྦྲེལ་ནས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་འདོད་ཡོད།
སི་ཐི་ལེ་ཡིས་བསྟན་དོན། ངས་ཐེངས་མང་པོར་ཀྲུང་གོར་འཚམས་འདྲི་བྱས་ནས། ཀྲུང་གོས་འཕེལ་རྒྱས་ཀྱི་གྲུབ་འབྲས་མངོན་གསལ་བླངས་པར་བདེན་དཔང་བྱས་པར་མ་ཟད་བསྔགས་བརྗོད་ཚད་མེད་བྱས་པ་ཡིན། ནོར་ཝེ་དང་ཀྲུང་གོའི་འབྲེལ་བས་མཛའ་མཐུན་དང་གསོན་ཤུགས་ལྡན་པའི་འཕེལ་རྒྱས་ཀྱི་གནས་བབ་རྒྱུན་འཁྱོངས་བྱས་ཡོད། ནོར་ཝེ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོ་ཕྱོགས་ཀྱིས་བློ་གཏད་ཆོག་པའི་གྲོགས་པོ་བྱེད་འདོད་ཡོད། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་བདུན་ཅུ་འཁོར་བ་གོ་སྐབས་སུ་བརྩིས་ནས། རིམ་པ་སོ་སོའི་འགྲོ་འོང་གྲོས་མོལ་ལ་ཤུགས་སྣོན་པ་དང་། ཕན་ཚུན་གྱི་མཛའ་བརྩེ་དང་ཡིད་ཆེས་ཇེ་དམ་དུ་བཏང་སྟེ། ཕྱོགས་གཉིས་ཀྱིས་དཔལ་འབྱོར་ཉོ་ཚོང་དང་། དངུལ་གཏོང་། རྒྱ་མཚོ། ལྗང་མདོག་དཔལ་འབྱོར། ཚན་རྩལ་གསར་གཏོད། བྱང་སྣེ་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་རྒྱུན་མཐུད་སྒོས་རྒྱ་བསྐྱེད་དེ། མི་གཞུང་བརྗེ་རེས་གཏིང་ཟབ་ཏུ་སྤེལ་བའི་རེ་བ་བྱེད་ཀྱིན་ཡོད། ནོར་ཝེ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་སྤྱིའི་ས་ཁུལ་གྱི་གནད་དོན་ཐད་ནས་འབྲེལ་འདྲིས་དང་བརྗེ་རེས་དམ་ཟབ་བྱེད་པ་དང་། ནམ་ཟླའི་འགྱུར་ལྡོག་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། འཛམ་གླིང་ཧྲིལ་བོའི་འགྲན་སློང་ལ་མཉམ་དུ་ཁ་གཏད་འཇལ་འདོད་ཡོད། ནོར་ཝེ་ཕྱོགས་ཀྱིས་རང་མོས་ཉོ་ཚོང་གི་འདོད་ཚུལ་རྒྱུན་འཁྱོངས་བྱས་ནས་ཕྱོགས་མང་ཉོ་ཚོང་ལམ་ལུགས་ལ་སྲུང་སྐྱོབ་བྱེད་པ་དང་། ཡོ་རོབ་གླིང་དང་ཀྲུང་གོའི་གྲོས་མོལ་མཉམ་ལས་ལ་ཤུགས་སྣོན་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།
གྲོས་མོལ་གྱི་རྗེས་སུ། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ནོར་ཝེ་རྒྱལ་པོའི་རྒྱལ་ཁབ་གཉིས་ཀྱི་ལྗང་མདོག་ཚུལ་སྒྱུར་གྲོས་མོལ་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས་བཀོད་པར་མ་ཟད། ལྗང་མདོག་ཐཱན་དམའ་འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་མཉམ་ལས་ཡིག་ཆ་བཀོད་པར་བདེན་དཔང་མཛད།
གྲོས་མོལ་གྱི་སྔོན་དུ། ལིས་ཆང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མ་རུ་སི་ཐི་ལེ་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས།
ཝུའུ་ཀྲིན་ལུང་གོང་གསལ་བྱ་འགུལ་ལ་ཞུགས།
ལྷ་མོ་འཚོས་བསྒྱུར།