ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཆབ་སྲིད་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀྲུང་ཞའོ་དམག་དཔོན་རིམ་པ་ཡན་གྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྲུན་བྱེད་པའི་སྐོར་གྱི་རྣམ་བཤད་གལ་ཆེན་ལ་ཕྱོགས་ཡོངས་ནས་སློབ་སྦྱོང་དང་གོ་བ་ཡང་དག་ལེན་པར་རོགས་རམ་བྱེད་པ། དུས་རབས་གསར་པའི་ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྲུན་བྱེད་པའི་ཐབས་ཇུས་ལ་གོ་བ་ཟབ་མོ་ལེན་པ། སྐྱོད་ལམ་གསར་པར་ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྲུན་བྱེད་པའི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་ཆེད། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་ཆོག་མཆན་བཀོད་པ་བརྒྱུད། དམག་དོན་ཨུ་ཡོན་ལྷན་ཁང་ཆབ་སྲིད་ལས་དོན་པུའུ་ཡིས《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྲུན་བྱེད་པའི་སྐོར་གྱི་རྣམ་བཤད་གལ་ཆེན་བདམས་བསྒྲིགས》 ཞེས་པ་རྩོམ་སྒྲིག་པར་སྐྲུན་བྱེད་པར་རྩ་འཛུགས་བྱས་ཏེ། ཉེ་ལམ་དངོས་སུ་པར་འགྲེམ་བྱས།
《བདམས་བསྒྲིགས》ནང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཆབ་སྲིད་བྱ་བའི་གྲོས་ཚོགས་སྟེང་གི་བློ་མཐུན་ཞི་ཅིན་ཕིང་གི་གསུང་བཤད་གཙོ་བོར་བྱས་པ་དང་མ་ཟིན་གཞན་དག་དུས་ཚོད་ཀྱི་གོ་རིམ་ལྟར་རྩོམ་སྒྲིག་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་ཚུན་གྱི་བློ་མཐུན་ཞི་ཅིན་ཕིང་གི་ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྲུན་བྱེད་པའི་སྐོར་གྱི་མ་ཟིན་ཁྱོན་སྡོམ89བསྡུས་ནས། དུས་རབས་གསར་པའི་ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྲུན་བྱེད་པའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་དང་། ཕུན་སུམ་ཚོགས་པའི་ནང་དོན། དུས་རབས་ཀྱི་བླང་བྱ། ལག་ལེན་གྱི་ཐབས་ལམ་བཅས་ཕྱོགས་ཡོངས་ནས་མཚོན་པར་བྱས་ཡོད།
ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་ཉེ་ལམ་བརྡ་ཐོ་བཏང་ནས། དམག་ཡོངས་ཀྱིས་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཆབ་སྲིད་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། 《བདམས་བསྒྲིགས》ལ་ནན་ཏན་སྒོས་སློབ་སྦྱོང་དང་བེད་སྤྱོད་བྱས་ནས། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྲུན་བྱེད་པ་དེ་གཏིང་ཟབ་ཅིང་ཏན་ཏིག་གི་ཕྱོགས་སུ་བསྐྱོད་པར་སྐུལ་འདེད་གཏོང་དགོས་ཤིང་། སློབ་སྦྱོང་བྱེད་པ་དང་གོ་བ་ལེན་པ། ལག་བསྟར་ནན་མོ་བྱེད་པ་བཅས་ཀྱི་བླང་བྱ་གཞིར་བཟུང་སྟེ། མ་རྩོམ་ཀློག་པ་དང་། མ་ཡིག་སྦྱོང་བ། རྩ་བའི་རིགས་པ་རྟོགས་པ་བཅས་རྒྱུན་འཁྱོངས་བྱེད་པ་དང་། སློབ་སྦྱོང་ལ་བརྟེན་ནས་སེམས་པ་བསྐྱེད་པ་དང་། སློབ་སྦྱོང་ལ་བརྟེན་ནས་བློ་རིག་རྒྱས་པ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་སྲོང་བ། སློབ་སྦྱོང་ལ་བརྟེན་ནས་ལས་དོན་ལ་སྐུལ་བ་བཅས་རྒྱུན་འཁྱོངས་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་།“ བློ་རྩ་བརྟན་པོས་ཏང་ལ་ལྷག་བསམ་རྣམ་དག་བྱེད་པ་དང་། བློ་གཅིག་སེམས་གཅིག་དང་སྙིང་རུས་ཆེན་པོས་འགན་འཁྲི་འཁུར”ཞེས་པའི་སློབ་གསོའི་ལག་ལེན་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བར་དམ་པོར་དམིགས་པ། དཔོན་དམག་ལ་ཁྲིད་སྟོན་བྱས་ཏེ“གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་། “རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱས་ནས། དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱེད་དགོས་པ། 《བདམས་བསྒྲིགས》ལ་སློབ་སྦྱོང་བྱེད་རྒྱུ་དེ་ཏང་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གི་སློབ་སྦྱོང་དང་། དམག་དཔུང་གི་བསམ་བློ་དང་ཆབ་སྲིད་ཀྱི་སློབ་གསོ། སློབ་གླིང་དང་སློབ་གྲྭའི་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་སློབ་ཁྲིད་བཅས་ཀྱི་ཁོངས་སུ་བཅུག་སྟེ། རིམ་པ་དབྱེ་ནས་ལས་བྱེད་པའི་རིགས་པའི་གཞུང་ལུགས་གསོ་སྦྱོང་དང་རེས་སྐོར་གསོ་སྦྱོང་། ཆབ་སྲིད་ལས་བྱེད་པའི་ཆེད་དོན་གསོ་སྦྱོང་སོགས་རྩ་འཛུགས་བྱས་ཏེ་སློབ་དེབ་འདི་ནང་དོན་གལ་ཆེན་དུ་བརྩིས་ནས་འབུར་དུ་ཐོན་པར་བྱེད་དགོས་པ། རྒྱ་ཆེའི་རིགས་པའི་གཞུང་ལུགས་ཀྱི་བྱ་བ་སྒྲུབ་མཁན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྲུན་བྱེད་པའི་སྐོར་གྱི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ་དང་། དུས་རབས་གསར་པའི་ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྲུན་བྱེད་པའི་མཛད་ཇུས་ལ་ཞིབ་འཇུག་དང་འཆད་འགྲེལ་བྱེད་པར་ཤུགས་སྣོན་པ། དམག་དཔུང་གི་གསར་འགྱུར་སྨྱན་བྱད་ཀྱིས་གསར་འགྱུར་དྲིལ་བསྒྲགས་ཡག་པོ་བྱེད་པ། འགོ་ཁྲིད་ལས་བྱེད་པས་རང་ངོས་ཀྱི་སློབ་སྦྱོང་གྲུབ་འབྲས་ལ་བརྟེན་ནས་གཞི་རིམ་དཔོན་དམག་ལ་སྒྲོག་འགྲེལ་དང་ཟུར་ཁྲིད་ཡག་པོ་བྱེད་པ་བཅས་བྱས་ཏེ། སློབ་སྦྱོང་དང་ལག་བསྟར་གྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས་པ། བསམ་བློ་སྒྱུར་བཀོད་ཀྱི་རང་རྟོགས་རང་བཞིན་དང་མཐར་ཕྱིན་རང་བཞིན་ཆེ་རུ་གཏོང་བ་དང་། མཐོ་རིམ་ལས་བྱེད་པས་སྔོན་ལ་སློབ་གསོ་མྱོང་བ་དང་། སློབ་གསོ་ངོ་མ་མྱོང་བ། བསམ་བློའི་ཐད་ཀྱི་རྩ་བའི་གནད་དོན་ཐག་གཅོད་བྱེད་པར་ཤུགས་སྣོན་པ། ཕུགས་བསམ་དད་སེམས་ཇེ་བརྟན་དུ་གཏོང་བ། ཏང་ལ་ལྷག་བསམ་རྣམ་དག་བྱེད་པ་བཅས་བྱེད་དགོས་པ། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་སློབ་སྲོལ་བཟང་པོ་དར་སྤེལ་ཆེན་པོ་གཏོང་བ་དང་། ཕན་འབྲས་དངོས་ལ་བརྟེན་ནས་སློབ་སྦྱོང་གི་གྲུབ་འབྲས་ལ་ཞིབ་བཤེར་བྱེད་པའི་ཁྲིད་ཕྱོགས་བརྟན་པོར་འཛུགས་པ། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་ཞིང་འཇོན་ཐང་ཆེ་བའི་སྲ་བརྟན་གྱི་ཏང་རྩ་འཛུགས་ཤིག་སྦྱོང་བརྡར་བྱེད་པ། ལྷག་བསམ་རྣམ་དག་དང་སྤྱོད་གཙང་། ཁག་ཁུར། དམག་དཔུང་སྟོབས་ལྡན་དུ་གཏོང་བའི་འགན་འཁྲི་ལྕི་མོ་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་སྡེ་ཞིག་སྦྱོང་བརྡར་བྱས་ཏེ། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྲུན་བྱེད་པའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བསྐྲུན་པ་དང་། དམག་དཔུང་སྟོབས་ལྡན་དུ་གཏོང་བའི་ལས་དོན་ལ་མུ་མཐུད་དུ་སྐུལ་སྤེལ་གཏོང་བ། ཕུལ་བྱུང་གི་གྲུབ་འབྲས་ལ་བརྟེན་ནས་དམག་དཔུང་བཙུགས་ནས་ལོ100འཁོར་བར་སྔོན་བསུ་བྱེད་དགོས་པའི་བླང་བྱ་བཏོན།
སྒྲོལ་མ་སྐྱིད་ཀྱིས་བསྒྱུར།