ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚེས11ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཅིག་པར་ཟུར་ཞུགས་བྱས་པའི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་དང་ལྷན་དུ་བཞུགས་མོལ་བརྗེ་རེས་གནང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམངས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་ལ་སློབ་སྦྱོང་མཐར་ཕྱིན་དང་ལག་བསྟར་ནན་མོ་བྱེད་རྒྱུ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། ཏང་གི་འགོ་ཁྲིད་དང་མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་ནུས་ལྡན་ཡོང་བར་བྱེད་པ། དམངས་ཆེན་འཐུས་མིས་མི་དམངས་མང་ཚོགས་དང་འབྲེལ་བ་བྱེད་པའི་ནང་དོན་དང་རྣམ་པ་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་བཅས་བྱས་ཏེ། མང་ཚོགས་དང་འབྲེལ་བ་དམ་ཟབ་བྱ་རྒྱུ་དེ་ནི། འཐུས་མིས་འགན་འཁྲི་སྒྲུབ་པའི་ལྷུ་ཚིགས་སོ་སོ་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་ཐུབ་པར་འགན་ལེན་དོན་འཁྱོལ་བྱེད་དགོས་ཞེས་ནན་བཤད་གནང་།
བཞུགས་མོལ་ཚོགས་འདུའི་སྟེང་དུ། འཐུས་མི་ཚོས་ཚོགས་འདུའི་བརྗོད་དོན་གཙོ་བོར་དམིགས་ནས་བསམ་འཆར་དང་གྲོས་འགོ་བཏོན་ཞིང་། ཀྲའོ་ལི་ཅི་ཡིས་གཟབ་ནན་ངང་གསན་རྗེས་འཐུས་མི་དང་ལྷན་དུ་བརྗེ་རེས་ཟབ་་མོ་གནང་། ཀྲའོ་ལི་ཅི་ཡིས་ད་ལོ་ནི་རྒྱལ་ཡོངས་དམངས་ཆེན་བཙུགས་ནས་ལོ70འཁོར་བའི་ལོ་ཡིན། ངོ70རིང་ལ། དམངས་ཆེན་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་བྱུང་བ་དང་བསྟུན་ནས། དམངས་ཆེན་གྱི་འཐུས་མིའི་ལམ་ལུགས་མུ་མཐུད་དུ་འཐུས་ཚང་དུ་གྱུར་ཏེ། འཐུས་མིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པ་དང་མང་ཚོགས་དང་འབྲེལ་འདྲིས་བྱེད་པར་རྒྱབ་སྐྱོར་དང་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱས་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་འཐུས་མིའི་ནུས་པ་འདོན་སྤེལ་བྱ་རྒྱུར་མཐོང་ཆེན་གང་ལེགས་བྱས་ཏེ། འཐུས་མིའི་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཁྱོན་ཡོངས་ནས་ཤུགས་བསྣན་ནས། འཐུས་མིས་མང་ཚོགས་དང་འབྲེལ་གཏུག་བྱེད་པའི་ལམ་ལུགས་དང་ལམ་སྲོལ་སྔར་ལས་འཐུས་ཚང་དུ་ཕྱིན་པ་དང་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད་ཅེས་གསུངས།
ཀྲའོ་ལི་ཅི་ཡིས་འཐུས་མིས་མང་ཚོགས་དང་འབྲེལ་གཏུག་བྱེད་པའི་ནང་དོན་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། ཏང་ཀྲུང་དབྱང་གི་སྲིད་དོན་གལ་ཆེན་གྱི་བྱེད་ཕྱོགས་དང་རྩ་ཁྲིམས་དང་བཅའ་ཁྲིམས་རང་འགུལ་ངང་དྲིལ་སྒྲོག་གང་ལེགས་བྱེད་པ། མཐའ་འཁོར་གྱི་མང་ཚོགས་ཀྱིས་ལས་རིགས་དེ་དང་ཁྱབ་ཁོངས་དེ་གར་ལག་བསྟར་དོན་འཁྱོལ་བྱ་རྒྱུར་སྣེ་ཁྲིད་བཅས་བྱེད་དགོས། དམངས་ཆེན་གྱི་ཁྲིམས་འཛུགས་དང་ལྟ་སྐུལ་སོགས་ཀྱི་གཙོ་གནད་ལས་དོན་ལ་དམ་པོར་དམིགས་ཏེ། མི་དམངས་མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོ་བསྡུ་ལེན་བྱེད་རྒྱུ་དང་། མང་ཚོགས་ཀྱི་བསམ་ཚུལ་དང་རེ་ལྟོས་གང་བྱེད་ཚང་མ་འབྲེལ་ཡོད་གྲོས་གཞི་དང་གྲོས་ཞིབ་ཀྱི་ཁྲོད་ནས་མཚོན་པར་བྱས་ཏེ། བཅའ་ཁྲིམས་དང་ལམ་ལུགས་ཀྱི་སྟེང་ནས་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་ཡོད།
ཀྲའོ་ལི་ཅི་ཡིས་འཐུས་མིས་མང་ཚོགས་དང་འབྲེལ་གཏུག་བྱེད་པའི་རྣམ་པ་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས། ཆེད་དོན་བརྟག་དཔྱད་ཞིབ་འཇུག་དང་ཁྲིམས་བསྟར་ཞིབ་བཤེར་སོགས་ཀྱི་འགན་སྒྲུབ་བྱེད་སྒོར་འབད་པས་ཞུགས་ནས། འཐུས་མིའི་འགན་འཁྲི་ལག་བསྟར་དང་རང་འཁྲིའི་ལས་ཀ་ལེགས་སྒྲུབ་བྱ་རྒྱུ་གཉིས་ཟུང་འབྲེལ་དམ་ཚགས་བྱེད་དགོས། གཞི་རིམ་གྱི་ཁྲིམས་འཛུགས་འབྲེལ་གཏུག་བྱེད་གནས་དང་འཐུས་མིའི་རང་ཁྱིམ་ས་ཚིགས་སོགས་ཀྱི་ལས་སྟེགས་ལེགས་པོར་སྤྱད་དེ། མང་ཚོགས་དང་རྒྱུན་ལྡན་རང་བཞིན་གྱི་འབྲེལ་གཏུག་སྲུང་འཛིན་བྱེད་དགོས། འཐུས་མིའི་ལས་ཀའི་ལམ་ལུགས་དང་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། འཐུས་མིའི་ལས་ཀའི་ནུས་པ་ཆེ་རུ་གཏོང་བར་ཤུགས་སྣོན་རྒྱག་དགོས་ཞེས་ནན་གྱིས་གསུངས།
ལིས་ཧུང་ཀྲུང་གིས་བཞུགས་མོལ་ཚོགས་འདུར་འགོ་འཛིན་བྱས།
བན་དེ་སྐྱབས་ཀྱིས་བསྒྱུར།