ཁྲིན་ཀང་གིས་མེན་ཧི་རྫོང་དུ་རྟོག་ཞིབ་བྱེད་སྐབས་མང་ཚོགས་ཀྱི་དོན་དག་དེ་དོན་དག་ཆེ་ཤོས་སུ་བརྩིས་ནས་གནོད་ཤུལ་བསྐྱར་སྐྲུན་དང་ཞོད་འགོག་གནོད་སེལ་གྱི་བྱ་བ་སྣ་ཚོགས་ཏན་ཏིག་ངང་ཡག་པོར་སྒྲུབ་དགོས་པ་ནན་གྱིས་བསྟན།
2024.09.13 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 9

 ཟླ9པའི་ཚེས11ཉིན།  ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི།  ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་མཚོ་ཤར་གྲོང་ཁྱེར་མེན་ཧི་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་དུ་རྟོག་ཞིབ་བྱེད་པར་བསྐྱོད་དེ།  མང་ཚོགས་ཀྱི་དོག་དག་དེ་དོན་དག་ཆེ་ཤོས་སུ་བརྩིས་ནས་གནོད་ཤུལ་བསྐྱར་སྐྲུན་དང་ཞོད་འགོག་གནོད་སེལ་གྱི་བྱ་བ་སྣ་ཚོགས་ཏན་ཏིག་ངང་ཡག་པོར་སྒྲུབ་པ་དང་། གནོད་ཐེབས་མང་ཚོགས་རྩ་འཛུགས་དང་ཁོ་ཚོའི་སྣེ་ཁྲིད་དེ་ཐོན་སྐྱེད་སླར་གསོ་དང་ཁྱིམ་གཞིས་བསྐྱར་སྐྲུན་བྱས་ནས།  འཚོ་བ་སྔར་ལས་ལེགས་པོ་རོལ་དགོས་ཞེས་ནན་གྱིས་བསྟན།

ཁོད་ཡངས་ཤིང་གྲལ་དག་པའི་ཁང་གསར་རེ་རེ་དང་ཁོད་སྙོམས་པའི་ཨར་འདམ་གཞུང་ལམ་སྒོ་ཁར་ཐོན་ཡོད་ལ། ཀོན་ཐིན་གྲོང་རྡལ་ལཱ་ཅ་སྡེ་བའི་སྡེ་མི་ཚོས་གཙང་སྦྲ་བྱེད་པ་དང་།  ཁྱིམ་ཆས་སྒྲིག་ནས་སྡོད་ཁང་གསར་པར་སྤོ་བཞིན་ཡོད།  ཧྲུའུ་ཅི་ཁྲིན་ཀང་ལཱ་ཧའེ་ཨུན་ཚང་དང་ལཱ་སན་ཅིན་ཚང་གི་སྡོད་ཁང་གསར་པར་བསྐྱོད་པ་ན། ཁང་པའི་ནང་གཙང་སྦྲ་དོད་པ་དང་མཛེས་བཟོ་བྱས་ཟིན་པས། ཁྱིམ་ཆས་དང་གློག་ཆས་སྣ་ཚོགས་འཛོམས་ཡོད།  ཧྲུའུ་ཅི་ཁྲིན་ཀང་ཁྱིམ་དུ་ཡོང་བ་མཐོང་རྗེས།  ཁྱིམ་ཚང་གཉིས་ཀར་སེམས་འགུལ་ཧ་ཅང་ཆེན་པོ་ཐེབས་བྱུང་། “ས་ཡོམ་བྱུང་རྗེས་ང་ཚོ་ཉེན་ཁ་ཆེ་བའི་སྡོད་ཁང་ནས་སྟབས་བདེའི་སྡོད་ཁང་དུ་སྤར་བ་དང་།  ད་ལྟ་ཡང་བསྐྱར་སྡོད་ཁང་གསར་པར་སྤར་ཡོད།   ཏང་དང་སྲིད་གཞུང་གིས་དཀའ་ཁག་མང་པོ་ཞིག་སེལ་རོགས་བྱས་པས། ཚང་མའི་སེམས་སུ་དྲོ་སྐྱིད་ཀྱིས་ཁེངས་ཡོད་ལ།  ཏང་ཀྲུང་དབྱང་ལ་ཐུགས་རྗེ་ཆེ་ཞུ”ཟེར།   ཁྲིན་ཀང་གིས་ཅོག་ཙེའི་སྟེང་གི་སྲིད་ཇུས་གསལ་ཐོ་བཟུང་སྟེ། ཁ་གསབ་རོགས་སྐྱོར་མ་དངུལ་དོན་འཁྱོལ་དང་ཁང་བའི་ཞིབ་བཤེར་རྩིས་ལེན་གྱི་མྱུར་ཚད་སོགས་ཀྱི་གནས་ཚུལ་ཞིབ་འདྲི་དང་།  སྡེ་མིའི་ཡོང་འབབ་གནས་ཚུལ་དང་།  བྱིས་པ་སློབ་གྲྭར་འགྲོ་བ། གོམ་སྟབས་རྗེས་མའི་འཆར་གཞི་ཅི་ཡོད་པ་བཅས་ཞིབ་འདྲི་བྱས་པར་མ་ཟད། ཚང་མར་ཡིད་ཆེས་བརྟན་པོ་དང་སེམས་ཤུགས་གཅིག་སྒྲིལ།  ལས་ལ་བརྩོན་པའི་ལག་ཟུང་ལ་བརྟེན་ནས་སྔར་ལས་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པ་བསྐྲུན་དགོས་པའི་སྐུལ་ལྕག་བཏང་ཞིང་།   དམིགས་བསལ་ས་ཁུལ་ལ་འགན་འཁུར་བའི་ལས་བྱེད་པར་ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་བདེ་སྡུག་སེམས་སུ་བཟུང་སྟེ། མང་ཚོགས་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་མང་ཚོགས་ཀྱིས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱེད་པ།  མང་ཚོགས་ཀྱི་དཀའ་ངལ་དང་། འཚོ་བའི་དཀའ་གནད། འཕེལ་རྒྱས་ཀྱི་སེམས་ཁྲལ་བཅས་ལ་དམིགས་ནས།  འབྲེལ་ཡོད་སྲིད་ཇུས་ཀྱི་བླང་བྱ་དོན་འཁྱོལ་ཡག་པོ་བྱེད་པ་དང་། སེམས་ཤུགས་ཡོད་རྒུས་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་བྱས་ཏེ།  གནོད་ཤུལ་བསྐྱར་སྐྲུན་གྱི་ལས་འགན་སྣ་ཚོགས་དུས་བཅད་ལྟར་ཡོངས་འགྲུབ་བྱེད་པར་འགན་ལེན་བྱེད་དགོས་པའི་མངགས་བཅོལ་བྱས།

སྐོར་ཐེངས་འདིའི་དྲག་ཆར་འབབ་པའི་བརྒྱུད་རིམ་ཁྲོད།  མེན་ཧི་རྫོང་གི་ས་ཁུལ་ཁ་ཤས་ལ་ཆར་འབབ་ཚད་ལོ་རེའི་ཆ་སྙོམས་ཆར་ཆུ་འབབ་ཚད་ཀྱི་གསུམ་ཆའི་གཅིག་ཙམ་ཟིན་ནས་རི་ཉིལ་བ་སོགས་རང་བྱུང་གནོད་འཚེའི་ཉེན་ཁ་ཆེ་རུ་འགྲོ་བཞིན་ཡོད། ཁྲིན་ཀང་ཀོན་ཐིན་གྲོང་རྡལ་ཀྲའེ་ཙེ་སྡེ་བར་སོང་ནས། ཡུལ་དངོས་ནས་ས་གཤིས་ཀྱི་གནོད་འཚེའི་ཉེན་ཁ་བྱུང་ཡུལ་གྱི་ལས་གཞི་བཅོས་སྐྱོང་བྱས་ཚུལ་ལ་རྟོག་ཞིབ་བྱས་པ་དང་། བཀོད་སྒྲིག་བྱ་ཡུལ་གྱི་ཉེན་གཡོལ་མང་ཚོགས་ལ་འཚམས་འདྲི་བྱས་ཤིང་།  ཡུལ་མི་རྣམས་ཀྱི་བཟའ་བཏུང་དང་དགུང་མོར་གྲང་མིན།  འཚོ་བར་དཀའ་ཁག་ཅི་ཡོད་མེད་སོགས་ཞིབ་འདྲི་བྱས་ནས།  ཚང་མར་འདི་ནས་བློ་བདེ་བག་ཕེབས་ངང་ཉེན་གཡོལ་བྱས་ཏེ་དཀའ་ཁག་ཅི་ཞིག་ཡོད་ན་ཏང་དང་སྲིད་གཞུང་འཚོལ་བ་དང་།  སྡོད་ཁང་ལ་ཞིབ་བཤེར་རྩིས་ལེན་བྱས་རྗེས་ད་གཟོད་ཁྱིམ་དུ་ལོག་དགོས་ཞེས་མངགས་བཅོལ་བྱས།

ཁྲིན་ཀང་གིས་ས་གནས་ཀྱི་ཏང་ཨུ་དང་སྲིད་གཞུང་དང་ཏང་ཡོན་ལས་བྱེད་པར་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱས་ཏེ། དུས་ཐོག་ཏུ་གནས་སྤོས་མང་ཚོགས་ཀྱི་ནད་ལ་ལྟ་བ་དང་སྨན་བཅོས་བྱེད་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་པ་དང་། བར་བརྒལ་བཀོད་སྒྲིག་གི་བྱ་བ་ནུས་ཤུགས་ཡོད་རྒུས་སྒྲུབ་པ།  ཐོག་མཐའ་བར་གསུམ་དུ་ཏན་ཏན་ཏིག་ཏིག་གིས་ལས་རེས་བརྟན་སྲུང་ནན་མོ་བྱས་ཏེ། ཆར་ཆུའི་གནས་ཚུལ་ལ་དོ་སྣང་ནན་མོ་བྱེད་པ་དང་། ཉེན་ཁའི་མངོན་མེད་རྐྱེན་ངན་རྩད་ཞིབ་ནན་མོ་བྱེད་པ། ཞོར་ཐོན་གནོད་འཚེ་སྔོན་འགོག་བྱེད་པ།  བདེ་འཇགས་ལ་ཁག་ཐེག་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག ཨར་ལས་ཀྱི་མྱུར་ཚད་ཇེ་མགྱོགས་སུ་བཏང་སྟེ། སྔ་མོ་ནས་ཐོན་སྐྱེད་དང་འཚོ་བའི་རྒྱུན་ལྡན་གྱི་སྒྲིག་ལམ་སླར་གསོ་བཅས་བྱེད་དགོས་པའི་བླང་བྱ་བཏོན།

རྟོག་ཞིབ་བྱེད་སྐབས། ཁྲིན་ཀང་གིས་ད་དུང་ལན་ཀྲིག་དང་ཟི་ལིང་གྲོང་ཁྱེར་ཚོགས་ཀྱི་མེན་ཧི་ཧུང་གུའུ་གསར་སྐྲུན་འཕེལ་རྒྱས་སྔོན་སྐྱོད་ཁུལ་འཛུགས་སྐྲུན་འཆར་འགོད་ཀྱི་གནས་ཚུལ་ལ་ཉན་པ་དང་། རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ལན་ཀྲིག་དང་ཟི་ལིང་གྲོང་ཁྱེར་ཚོགས་འཛུགས་སྐྲུན་གྱི་རྒྱལ་ཁབ་འཕེལ་རྒྱས་འཐབ་ཇུས་ལ་དམ་པོར་དམིགས་ཏེ་བརྗེ་རེས་དང་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ།  འཕེལ་རྒྱས་མཉམ་རྒྱལ་མངོན་འགྱུར་བྱེད་དགོས་པ་ནན་གྱིས་བསྟན།

ཞིང་ཆེན་གྱི་འགོ་ཁྲིད་ཝུའུ་ལ་ཙི་པེ་ཁེ་·རི་སུའུ་ལིས་ཧན་དང་ཀྲུའུ་ཞང་ཧྥིན་རྟོག་ཞིབ་ལ་ཞུགས།

སྒྲོལ་མ་སྐྱིད་ཀྱིས་བསྒྱུར།