ཟླ9པའི་ཚེས12ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས2024ལོའི་ཀྲུང་གོའི་རྒྱལ་སྤྱིའི་ཞབས་ཞུའི་ཉོ་ཚོང་བརྗེ་རེས་ཚོགས་འདུར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྤྲིངས།
ཞི་ཅིན་ཕིང་གིས་བསྟན་དོན། ཞབས་ཞུའི་ཉོ་ཚོང་བརྗེ་རེས་ཚོགས་འདུ་སྐབས་བཅུ་པ་བདེ་བླག་ངང་འཚོགས་པ་ནི། ཀྲུང་གོའི་ཞབས་ཞུའི་ལས་རིགས་དང་ཞབས་ཞུའི་ཉོ་ཚོང་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་གཏོང་བའི་མཚོན་ཚུལ་གསོན་ཉམས་ལྡན་པ་ཞིག་ཡིན་ཞིང་། སྒོ་འབྱེད་ཅན་གྱི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་བྱེད་པར་དགེ་མཚན་ལྡན་པའི་བྱས་རྗེས་བཞག་ཡོད། ཀྲུང་གོས་ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་དང་། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཞབས་ཞུའི་ཉོ་ཚོང་གསར་སྐྲུན་དང་མཐོར་འདེགས་གཏོང་བ་བཅས་བྱས་ཏེ། རྒྱལ་སྤྱིའི་ཚད་གཞི་མཐོ་བའི་དཔལ་འབྱོར་ཉོ་ཚོང་གི་སྒྲིག་སྲོལ་དང་རང་འགུལ་ངང་སྦྲེལ་མཐུད་བྱེད་པ་དང་། ཞབས་ཞུའི་ཁྱབ་ཁོངས་ཀྱི་སྒྲིག་སྲོལ་དང་། སྒྲིག་སྲོལ་ལམ་ལུགས། དོ་དམ། ཚད་གཞི་བཅས་ཕན་ཚུན་སྦྲེལ་མཐུད་ཡོང་བར་སྐུལ་འདེད་གཏོང་བ། ཞབས་ཞུའི་ཁྲོམ་ར་ཕྱི་ཕྱོགས་སུ་སྒོ་འབྱེད་རྒྱ་གོ་རིམ་ལྡན་པའི་ངང་ཆེ་རུ་གཏོང་བ། ཞབས་ཞུའི་ལས་རིགས་དང་ཞབས་ཞུའི་ཉོ་ཚོང་གི་སྒོ་འབྱེད་ལས་སྟེགས་ཀྱི་ནུས་པ་ཆེ་རུ་གཏོང་བ། ཚོང་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་རྩེར་སོན་གྱི་ཚོང་གཉེར་ཁོར་ཡུག་བསྐྲུན་པ་བཅས་བྱེད་རྒྱུ་ཡིན་ཞིང་། ཀྲུང་གོས་འཛམ་གླིང་གི་རྒྱལ་ཁབ་སོ་སོ་དང་མཉམ་དུ་དཔལ་འབྱོར་འཛམ་གླིང་ཅན་དུ་འགྱུར་བའི་འཕེལ་ཕྱོགས་དང་བསྟུན་ནས། གོ་སྐབས་མཉམ་སྤྱོད་དང་། མཉམ་ལས་མཉམ་གྲོས། འཕེལ་རྒྱས་ལ་མཉམ་སྐུལ་བཅས་བྱས་ཏེ། འཛམ་གླིང་གི་དཔལ་འབྱོར་འཕར་སྣོན་ཡོང་བར་སྐུལ་འདེད་དང་རྒྱལ་ཁབ་སོ་སོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་པར་སྟོབས་ཤུགས་འབུལ་འདོད་ཡོད།
2024ལོའི་ཀྲུང་གོའི་རྒྱལ་སྤྱིའི་ཞབས་ཞུའི་ཉོ་ཚོང་བརྗེ་རེས་ཚོགས་འདུ་ཉིན་དེར་པེ་ཅིང་དུ་འཚོགས་འགོ་བརྩམས་ཤིང་། བརྗོད་དོན་གཙོ་བོ་ནི“འཛམ་གླིང་ཧྲིལ་པོའི་ཞབས་ཞུའི་གཉིས་ཕན་མཉམ་སྤྱོད”ཅེས་པ་དེ་ཡིན་པ་དང་། ཚོང་དོན་པུའུ་དང་པེ་ཅིང་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་མཉམ་དུ་གཙོ་སྒྲུབ་བྱས་པ་རེད།
སྒྲོལ་མ་སྐྱིད་ཀྱིས་བསྒྱུར།