ལིས་ཆང་ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་བཟོ་ཚོང་གླེང་སྟེགས་སུ་ཞུགས་ནས་ཤིས་ཚིག་ཕུལ།
2024.09.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 9


ས་གནས་དེའི་དུས་ཚོད་ཟླ9པའི་ཚེས12ཉིན་གྱི་ཕྱི་དྲོ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་ཏིས་པའེ་རུ་ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་བཟོ་ཚོང་གླེང་སྟེགས་སུ་ཞུགས་ནས་ཤིས་ཚིག་ཕུལ།

ས་གནས་དེའི་དུས་ཚོད་ཟླ9པའི་ཚེས12ཉིན་གྱི་ཕྱི་དྲོ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་ཏིས་པའེ་རུ་ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་བཟོ་ཚོང་གླེང་སྟེགས་སུ་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

ལི་ཆང་གིས་བསྟན་དོན།  ད་ལོ་ནི་ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་བར་འབྲེལ་བ་བཙུགས་ནས་ལོ40འཁོར་བའི་ལོ་རེད། འབྲེལ་བ་བཙུགས་པའི་ཚུན་ལ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཉིན་རེ་བཞིན་འཐུས་ཚང་དུ་འགྲོ་བཞིན་ཡོད་པ་དང་། དཔལ་འབྱོར་ཚོང་དོན་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ་དེ་ནི་གཏིང་ཟབ་པའི་ཆོས་ཉིད་ཅིག་ཡིན།  ལྡོག་མེད་ཀྱི་ཆོས་ཉིད་དེ་རིགས་རྒྱལ་ཁབ་གཉིས་ཀྱི་ཡུན་རིང་གི་དཔལ་འབྱོར་ཚོང་དོན་སྲོལ་རྒྱུན་དང་གཅིག་མཐུན་གྱི་འཕེལ་རྒྱས་འདུ་ཤེས། གཅིག་མཐུན་གྱི་རིན་ཐང་དོན་གཉེར་བཅས་ལ་གཞི་ཚུགས་ཡོད། ཀྲུང་གོ་དང་ཨ་རབ་ཀྱི་དཔལ་འབྱོར་ཉོ་ཚོང་གི་འགྲོ་འོང་ལོ་ངོ་སྟོང་ཕྲག་ལས་བརྒལ་བ་དང་འབྲེལ་བ་དམ་ཟབ་ཡོད་ལ། མཛའ་བཤེས་དང་ཡིད་ཆེས་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་སོང་ཡོད། རྒྱལ་ཁབ་གཉིས་ཀྱིས་དཔལ་འབྱོར་འཛམ་གླིང་ཅན་དུ་འགྱུར་བར་ཧུར་ཐག་གིས་འབད་བརྩོན་བྱེད་བཞིན་ཡོད་ཅིང་།  ལག་གདང་སྦྲེལ་ནས་སྒོ་འབྱེད་ཁྲོད་འཕེལ་རྒྱས་ཀྱི་ངོ་མཚར་བསྐྲུན་ཏེ་མཉམ་ལས་ཁྲོད་གཉིས་ཕན་མཉམ་རྒྱལ་ལ་སྐུལ་འདེད་གཏོང་བཞིན་ཡོད།  ཀྲུང་གོ་དང་ཨ་རབ་ནི་ཨེ་ཤ་ཡའི་ཁྱིམ་གཞིས་ཆེན་པོ་གཉིས་ཡིན་པ་དང་། ཨེ་ཤ་ཡའི་མི་དམངས་ཀྱིས་ཞི་བདེ་དང་མཐུན་སྒྲིལ། མཉམ་ལས་བཅས་ལ་བློ་རྩ་བརྟན་ཞིང་འགྱུར་བ་མེད་པའི་བློ་ཁ་ཕྱོགས་ཡོད་པར་མ་ཟད། དེའི་དོན་དུ་དཀའ་སྤྱད་ལྷོད་མེད་ཀྱིས་འབད་བརྩོན་བྱས་ཡོད། འདས་ཟིན་པའི་ལོ་ངོ་བཅུ་ཕྲག་ཁ་ཤས་ཀྱི་ནང་དུ་ཨེ་ཤ་ཡའི་སྤྱིའི་ཆ་ནས་ཞི་བདེ་བརྟན་འཇགས་དང་མགྱོགས་མྱུར་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་ཐུབ་པ་དེའང་དེའི་ཕན་འབྲས་ལས་བྱུང་བ་ཡིན།  ང་ཚོའི་ཐུན་མོང་གི་རིན་ཐང་དོན་གཉེར་དེ་ནི་འགྱུར་ལྡོག་དང་མཉམ་འདྲེས་ཀྱི་འཛམ་གླིང་སྟེང་དེ་ལས་རྩ་ཆེ་བ་ཞིག་ཡིན་པས་ལྡབ་འགྱུར་གྱིས་གཅེས་འཛིན་དང་བརྟན་སྲུང་བྱེད་འོས་པ་ཞིག་རེད།

ལིས་ཆང་གིས་བསྟན་དོན། ད་ལྟ་ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་འབྲེལ་བ་སྔ་འཛིན་ཕྱི་གཏོད་ཀྱི་ལོ་རྒྱུས་ཀྱི་མཚམས་ཚིགས་སུ་གནས་པ་དང་། ཀྲུང་ཨའི་དཔལ་འབྱོར་ཚོང་དོན་མཉམ་ལས་དེ་སྤུས་ཚད་མཐོར་འདེགས་དང་རིམ་སྤོར་གྱི་གོ་སྐབས་གལ་ཆེན་དང་འཕྲད་ཡོད། རྒྱལ་ཁབ་གཉིས་ཀྱི་ཁེ་ལས་ཀྱིས་འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པར་བྱས་ཏེ། ཀྲུང་གོ་དང་ཨ་རབ་ཕྱོགས་གཉིས་རྒྱུན་མཐུད་ངང་འཕེལ་རྒྱས་བརྟན་པོ་ཡོང་བར་བྱས་ནས། མཉམ་ལས་ཀྱི་གོ་སྐབས་གསར་པ་དམ་འཛིན་བྱེད་པའི་རེ་བ་ཡོད། གཅིག་ནི་སྤུས་ཚད་མཐོན་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་གོ་སྐབས་གསར་པ་དམ་འཛིན་བྱས་ཏེ། ཀྲུང་གོ་དང་ཨ་རབ་ལ་གཞི་ཚུགས་པ་དང་འཛམ་གླིང་ཧྲིལ་པོར་མཉམ་ལས་འཚོལ་ཞིབ་བྱེད་པ། ཁྲོམ་ར་གསར་འབྱེད་བྱེད་པ།  ཕན་ཚུན་སྦྲེལ་མཐུད་དང་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། མ་དངུལ་བསྡུ་སྒྲིལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ནས།  རྒྱལ་ཁབ་གཉིས་ཀ་འཛམ་གླིང་ཧྲིལ་པོའི་ཐོན་ལས་ཕྲེང་འབྲེལ་དང་མཁོ་སྤྲོད་ཕྲེང་འབྲེལ་ནང་ཟབ་ཞུགས་བྱེད་པར་སྐུལ་འདེད་གཏོང་དགོས་པ་དང་། གཉིས་ནས་ཀྲུང་ཨའི་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་དམ་ཟབ་བྱེད་པའི་གོ་སྐབས་གསར་པ་དམ་འཛིན་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་ཀྱི་སྣོལ་མཚམས་དང་འབྲེལ་མཚམས་ནས་ཕྱོགས་གཉིས་ཀྱི་ཁེ་ཕན་གྱི་འབྲེལ་ས་དང་མཉམ་ལས་འཕར་གཞི་དེ་ལས་མང་པོ་བཙལ་ཏེ། ཚོང་དོན་དང་ནུས་རྒྱུ་གསར་པ། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས། གསུམ་ནས་ཚན་རྩལ་ཐོན་ལས་གསར་གཏོད་དེ་ཡར་ངོའི་ཟླ་བཞིན་འཕེལ་རྒྱས་སུ་འགྲོ་བའི་གོ་སྐབས་གསར་པ་དམ་འཛིན་བྱས་ཏེ། གསར་གཏོད་ལ་སྒུལ་ཤུགས་ཐོབ་པར་བྱས་ནས་སྔོན་ཐོན་བཟོ་སྐྲུན་དང་གཞི་གྲངས་དཔལ་འབྱོར། མིས་བཟོས་རིག་ནུས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། ལག་རྡང་སྦྲེལ་ནས་མ་འོངས་འཕེལ་རྒྱས་ཀྱི་གོ་སྐབས་སྔོན་ལ་དམ་འཛིན་བྱེད་དགོས། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཁེ་ལས་སྔར་ལས་མང་པོ་ཀྲུང་གོར་ཡོང་ནས་མ་དངུལ་གཏོང་བར་དགའ་བསུ་ཞུ་རྒྱུ་ཡིན།  རྒྱལ་ཁབ་གཉིས་ཀྱི་ཁེ་ལས་པའི་ཐུན་མོང་འབད་བརྩོན་འོག   ཀྲུང་གོ་དང་ཨ་རབ་ཀྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་མུ་མཐུད་དུ་གསོན་ཤུགས་རྒྱས་ནས། རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་དང་དར་རྒྱས་ལ་སྔར་ལས་སྐུལ་འདེད་གཏོང་རྒྱུའི་ཡིད་ཆེས་ཡོད།

ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་དང་ཚོང་ཚོགས། ཁེ་ལས་བཅས་ཀྱི་འཐུས་མི200ལྷག་ཙམ་ཚོགས་འདུར་ཞུགས་ཡོད། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་བཟོ་ཚོང་ལས་རིགས་ཀྱི་འཐུས་མིས་ཀྲུང་གོའི་འཕེལ་རྒྱས་ཀྱི་གསོན་ཤུགས་དང་ཁྲོམ་རའི་སྦས་ཤུགས་ལ་ཚད་མཐོའི་བསྔགས་བརྗོད་བྱས་པ་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”གི་སྒྲོམ་གཞིའི་ནང་ཀྲུང་གོར་མ་དངུལ་གཏོང་ཤུགས་སྔར་ལས་ཆེ་རུ་བཏང་ནས།  རྨང་གཞིའི་སྒྲིག་ཆས་དང་ཚན་རྩལ་གསར་གཏོད། ནུས་རྒྱུ་སོགས་ཀྱི་ཁྱབ་ཁོངས་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ་གཉིས་ཕན་མཉམ་རྒྱལ་ཡོང་བར་རེ་སྒུག་བྱེད་ཀྱི་ཡོད་པར་བསྟན།

གཡང་འབུམ་རྒྱལ་གྱིས་བསྒྱུར།