ཟླ9པའི་ཚེས12ཉིན།2024ལོའི་ཀྲུང་གོ་རྒྱལ་སྤྱིའི་ཞབས་ཞུའི་ཚོང་དོན་ཉོ་ཚོང་ཚོགས་འདུའི་འཛམ་གླིང་ཧྲིལ་བོའི་ཞབས་ཞུའི་ཉོ་ཚོང་རྩེ་ཚོགས་པེ་ཅིང་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞའེ་ཞང་རྩེ་ཚོགས་ལ་ཞུགས་པར་མ་ཟད་བརྗོད་དོན་གསུང་བཤད་གནང་།
2024ལོའི་ཀྲུང་གོ་རྒྱལ་སྤྱིའི་ཞབས་ཞུའི་ཚོང་དོན་ཉོ་ཚོང་ཚོགས་འདུའི་འཛམ་གླིང་ཧྲིལ་བོའི་ཞབས་ཞུའི་ཉོ་ཚོང་རྩེ་ཚོགས་ཚེས12ཉིན་པེ་ཅིང་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། པེ་ཅིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་དབྱིན་ལའེ་ཡིས་རྩེ་ཚོགས་སྟེང་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་འདོན་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞའེ་ཞང་རྩེ་ཚོགས་ལ་ཞུགས་པར་མ་ཟད་བརྗོད་དོན་གསུང་བཤད་གནང་།
ཏེན་ཞའེ་ཞང་གིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བསྟུད་མར་ལོ་དྲུག་གི་རིང་ཞབས་ཞུའི་ཚོང་དོན་ཉོ་ཚོང་ཚོགས་འདུའི་སྟེང་བརྙན་ལམ་ཤིས་ཚིག་གལ་ཆེན་ཕུལ་ཞིང་ཞབས་ཞུའི་ཚོང་དོན་ཉོ་ཚོང་རྩེ་ཚོགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་དང་། དེས་ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆོད་སེམས་བརྟན་པོ་རྒྱུན་འཁྱོངས་བྱས་པ་མཚོན་ཡོད། དུས་རབས་གསར་པའི་ཚུན་ལ། ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་ཤུགས་ཆེན་པོས་སྐུལ་འདེད་བཏང་བ་དང་། ཞབས་ཞུའི་ལས་རིགས་དང་ཞབས་ཞུའི་ཚོང་དོན་སྒོ་འབྱེད་གསར་གཏོད་འཕེལ་རྒྱས་འགྲོ་བར་མགྱོགས་མྱུར་སྒོས་སྐུལ་འདེད་བཏང་སྟེ་ཕན་འབྲས་མངོན་གསལ་བླངས་ཡོད།
ཏེན་ཞའེ་ཞང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་ཕྱོགས་སོ་སོ་དང་མཉམ་དུ་ཞབས་ཞུའི་ལས་རིགས་དང་ཞབས་ཞུའི་ཚོང་དོན་མཉམ་ལས་རྒྱུན་མཐུད་སྒོས་གཏིང་ཟབ་ཏུ་སྤེལ་ཞིང་། ཆུ་ཚད་མཐོ་བའི་སྒོ་འབྱེད་ཀྱིས་ཞབས་ཞུའི་ཚོང་དོན་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། འཛམ་གླིང་དཔལ་འབྱོར་དར་རྒྱས་གོང་འཕེལ་འགྲོ་བར་བྱས་རྗེས་འཇོག་འདོད་ཡོད། གཅིག་ནི་སྒོ་འབྱེད་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་མཉམ་སྤྱོད་བྱས་ནས། ཞབས་ཞུའི་ཚོང་དོན་གྱི་ལམ་ལུགས་རང་བཞིན་གྱི་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་སྤྱིའི་ཚད་གཞི་མཐོ་བའི་དཔལ་འབྱོར་ཉོ་ཚོང་སྒྲིག་སྲོལ་དང་རང་འགུལ་སྒོས་སྦྲེལ་མཐུད་བྱེད་ཅིང་། ས་ཁོངས་ལས་བརྒལ་བའི་ཞབས་ཞུའི་ཚོང་དོན་གྱི་ལྡོག་ཕྱོགས་གསལ་ཁྲའི་དོ་དམ་ལམ་ལུགས་འཐུས་ཚང་དུ་བཏང་ནས། རྒྱལ་ཡོངས་ཀྱི་ས་ཁོངས་ལས་བརྒལ་བའི་ཞབས་ཞུའི་ཚོང་དོན་གྱི་སྐས་རིམ་སྒོ་འབྱེད་ལ་སྐུལ་འདེད་གཏོང་དགོས། གཉིས་ནི་གསར་གཏོད་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་མཉམ་དུ་སྐྱེད་སྲིང་བྱས་ཏེ། ལག་རྩལ་ཚོང་དོན་དོ་དམ་དང་སྐུལ་སྤེལ་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཞབས་ཞུའི་ཚོང་དོན་གཞི་གྲངས་ཅན་དང་རིག་ནུས་ཅན། ལྗང་མདོག་ཅན་གྱི་འཕེལ་རིམ་ལ་མགྱོགས་མྱུར་སྒོས་སྐུལ་འདེད་གཏོང་དགོས། གསུམ་ནི་ཁྲོམ་ར་ཆེ་ཤོས་ཀྱི་བར་སྟོང་གསར་པ་མཉམ་དུ་རྒྱ་བསྐྱེད་ནས། སྤྲིན་རྩིས་དང་སྐྱེ་དངོས་ལག་རྩལ། མ་རྩ་སྒེར་དབང་སྨན་ཁང་སོགས་ཁྱབ་ཁོངས་ཀྱི་སྒོ་འབྱེད་ཚོད་ལྟའི་གནས་རྒྱ་བསྐྱེད་པའི་བྱ་བ་ལེགས་པོར་བསྒྲུབ་པ་དང་། ཞབས་ཞུའི་ཚོང་དོན་དང་མཐོ་རིམ་བཟོ་སྐྲུན་ལས་རིགས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། བཞི་ནི་མཉམ་ལས་འཕེལ་རྒྱས་ཀྱི་ཁོར་ཡུག་གསར་པ་མཉམ་དུ་བསྐྲུན་ནས། རང་མོས་ཉོ་ཚོང་ཆོད་དོན་སྒོ་འབྱེད་ཆུ་ཚད་སྔར་ལས་མཐོར་འདེགས་གཏོང་བ་དང་། རང་བདག་སྒོ་འབྱེད་དང་ཆེས་དར་རྒྱས་མིན་པའི་རྒྱལ་ཁབ་ཀྱི་ཕྱོགས་རྐྱང་སྒོ་འབྱེད་རྒྱ་བསྐྱེད་པ་དང་། རྒྱུད་གཅིག་ལམ་གཅིག་མཉམ་བསྐྲུན་བྱེད་པའི་རྒྱལ་ཁབ་ཞབས་ཞུའི་ཚོང་དོན་དང་གཞི་གྲངས་ཚོང་དོན་མཉམ་ལས་ལ་ཤུགས་སྣོན་དགོས།
ཀི་ལུའུ་ཅི་ཡཱའི་ཙུང་ཐུང་གཞོན་པ་དང་པོ་ཏཱ་ཝེ་ཐཱ་ཧྲིན་ཝེ་ལིས་དང་། འཛམ་གླིང་ཤེས་བྱའི་བདག་དབང་རྩ་འཛུགས་ཀྱི་སྤྱིའི་ལས་འཛིན་པ་ཏིན་ཧུང་སིན་རྩེ་ཚོགས་ལ་ཞུགས་པར་མ་ཟད་ཤིས་ཚིག་ཕུལ་བ་དང་། དཔལ་འབྱོར་མཉམ་ལས་དང་འཕེལ་རྒྱས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ཁིའར་མཱན་གྱིས་བརྙན་ལམ་བརྒྱུད་ནས་ཤིས་ཚིག་ཕུལ།
རྩེ་ཚོགས་མ་འཚོགས་སྔོན་ལ། ཏེན་ཞའེ་ཞང་དང་དབྱིན་ལའེ་གཉིས་ཀྱིས་ཞབས་ཞུའི་ཚོང་དོན་ཚོགས་འདུའི་འགྲེམ་སྟོན་ཁང་ལ་གཟིགས་ཞིབ་མཛད་པ་དང་། འགྲེམ་སྟོན་ལ་ཞུགས་པའི་ཁེ་ལས་ཀྱི་འགན་ཁུར་མི་སྣར་བརྗེ་རེས་བྱས། ཏེན་ཞའེ་ཞང་གིས་བསྟན་དོན། ཀྲུང་གོའི་སྒོ་འབྱེད་སྔར་ལས་རྒྱ་བསྐྱེད་སྲིད་པས། རྒྱལ་ཁབ་སོ་སོའི་ཁེ་ལས་དག་ཀྲུང་གོར་ཡོང་ནས་དངུལ་གཏོང་ལས་སྤེལ་བྱེད་པར་དགའ་བསུ་ཞུ་རྒྱུ་ཡིན་ཞིང་། ཀྲུང་གོའི་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱེད་པའི་ཁྲོད་སྔར་ལས་འཕེལ་རྒྱས་འགྲོ་ངེས། ཀྲུང་གོའི་ཁེ་ལས་ཀྱི་ཞབས་ཞུའི་ནུས་པ་ཇེ་ཆེ་དང་ཆུ་ཚད་ཇེ་མཐོར་འགྲོ་བར་སྐུལ་མ་བཏང་ནས། སྤུས་ལེགས་ཞབས་ཞུས་རྒྱལ་ཁབ་སོ་སོའི་མི་དམངས་ལ་ཕན་ཐོགས་པར་བྱེད་རྒྱུ་ཡིན།
ཀྲུང་གོ་ཕྱོགས་ཀྱི་འབྲེལ་ཡོད་སྡེ་ཁག་ལས་ཁུངས་དང་ལས་གནས་ཀྱི་འགན་ཁུར་མི་སྣ། དེ་མིན་འབྲེལ་ཡོད་རྒྱལ་ཁབ་དང་ས་གནས་ཀྱི་འཐུས་ཚབ་པ། རྒྱལ་སྤྱིའི་ལས་ཁུངས་ཀྱི་འགན་ཁུར་མི་སྣ། རྒྱལ་ཁོངས་ལས་བརྒལ་བའི་ཀུང་ཟི་དང་ཕྱི་རྒྱལ་གྱི་ཚོང་དོན་མཐུན་ཚོགས་ཀྱི་འགན་ཁུར་མི་སྣ་སོགས་མི་བརྒྱད་བརྒྱ་ལྷག་རྩེ་ཚོགས་ལ་ཞུགས།
ལྷ་མོ་འཚོས་བསྒྱུར།