ལིས་ཆང་གིས་ཧྲ་ཐིའི་རྒྱལ་རྒྱུད་དམ་དབུ་བཞུགས་བློན་ཆེན་མུའུ་ཧན་མའོ་ཏི་དང་གྲོས་མོལ་གནང་བར་མ་ཟད་ཀྲུང་གོ་དང་ཧྲ་ཐིའི་མཐོ་རིམ་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པར་མཉམ་དུ་འགོ་འཛིན་གནང་།
2024.09.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

ས་དེའི་དུས་ཚོད་ཟླ9པའི་ཚེས11ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ལིས་ཡཱ་ཏི་ཕོ་བྲང་དུ་ཧྲ་ཐིའི་རྒྱལ་རྒྱུད་དམ་དབུ་བཞུགས་བློན་ཆེན་མུའུ་ཧན་མའོ་ཏི་དང་གྲོས་མོལ་གནང་བར་མ་ཟད། ཀྲུང་གོ་དང་ཧྲ་ཐིའི་མཐོ་རིམ་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པར་མཉམ་དུ་འགོ་འཛིན་གནང་།

ས་དེའི་དུས་ཚོད་ཟླ9པའི་ཚེས11ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ལིས་ཡཱ་ཏི་ཕོ་བྲང་དུ་ཧྲ་ཐིའི་རྒྱལ་རྒྱུད་དམ་དབུ་བཞུགས་བློན་ཆེན་མུའུ་ཧན་མའོ་ཏི་དང་གྲོས་མོལ་གནང་བར་མ་ཟད། ཀྲུང་གོ་དང་ཧྲ་ཐིའི་མཐོ་རིམ་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པར་མཉམ་དུ་འགོ་འཛིན་གནང་།

ལིས་ཆང་གིས་ཐོག་མར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་པོ་སཱ་ལི་མན་དང་རྒྱལ་རྒྱུད་མུའུ་ཧན་མའོ་ཏི་གཉིས་ལ་བརྩེ་བའི་འཚམས་འདྲི་གནང་བ་བརྒྱུད་སྒྲོག་བྱས། ལིས་ཆང་གིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པའི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་གོ་དང་ཧྲ་ཐི་ཡིས་ཕན་ཚུན་ལ་བརྩི་འཇོག་དང་ཡིད་ཆེས། གཉིས་ཁེ་མཉམ་ཕན། དཔྱད་གཞི་དཔེ་ལྟ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་གཉིས་ཀྱི་འབྲེལ་བ་ཁྱོན་ཡོངས་དང་མགྱོགས་མྱུར། གཏིང་ཟབ་སྒོས་འཕེལ་རྒྱས་བྱུང་ཞིང་། ཁྱབ་ཁོངས་སོ་སོས་མཉམ་ལས་གྲུབ་འབྲས་ཕུན་སུམ་ཚོགས་པ་བླངས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧྲ་ཐིའི་བར་གྱི་འབྲེལ་བའི་འཕེལ་རྒྱས་དེ་ཀྲུང་གོའི་ཕྱི་འབྲེལ་གྱི་སྤྱི་ཡོངས་དང་ལྷག་པར་དབུས་ཤར་ཕྱི་འབྲེལ་གྱི་མདུན་གྲལ་གྱི་ཁ་ཕྱོགས་སུ་བྱས་ཏེ། ཧྲ་ཐི་དང་མཉམ་དུ་ཕན་ཚུལ་ལ་རྒྱབ་སྐྱོར་དང་ཕན་ཚུན་ལ་བྱས་རྗེས་འཇོག་པའི་བློ་རྩ་ཇེ་བརྟན་དུ་གཏོང་བ་དང་། ཕན་ཚུན་བར་གྱི་འཕེལ་རྒྱས་དེ་གོ་སྐབས་གལ་ཆེན་ཞིག་ཏུ་བརྩིས་ནས། མཐོ་རིམ་ཨུ་ཡོན་ལྷན་ཁང་གི་རྐྱེན་སྲོལ་བྱེད་ནུས་སྔར་ལས་འདོན་སྤེལ་ཐུབ་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བས་འཕེལ་རྒྱས་ཆེན་པོ་གསར་པ་མངོན་འགྱུར་བྱེད་པར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་བདེ་སྐྱིད་རྩ་བ་རྒྱུན་ཆད་མེད་པར་འཕེལ་བར་བྱེད་རྒྱུ་ཡིན་ཞེས་བསྟན།

ལིས་ཆང་གིས་བསྟན་དོན། ཀྲུང་གོ་དང་ཧྲ་ཐི་ནི་འཕེལ་རྒྱས་ཁྲོད་ཀྱི་རྒྱལ་ཁབ་ཆེན་པོ་ཡིན་པས་ཐུན་མོང་གི་ཁེ་ཕན་རྒྱ་ཆེན་པོ་ཡོད། ཀྲུང་གོས་ཧྲ་ཐིའི་བར་གྱི་འཕེལ་རྒྱས་བགྲོད་ལམ་སྟེང་མཐུན་སྦྱོར་དམ་ཟབ་བྱེད་པ་དང་། དཔུང་བ་མཉམ་གཤིབ་ཀྱིས་མདུན་སྐྱོད་བྱེད་འདོད་ཡོད། ཕྱོགས་གཉིས་ཀྱིས་སྔར་ལས་ལྷག་པར་ཕྱོགས་གཉིས་ཀྱི་ཉོ་ཚོང་གཞི་རྒྱ་ཇེ་ཆེར་གཏོང་བ་དང་། རྡོ་སྣུམ་དང་རྡོ་སྣུམ་རྫས་འགྱུར། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་སོགས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། ནུས་ཁུངས་གསར་པ་དང་ཆ་འཕྲིན། གཞི་གྲངས་དཔལ་འབྱོར། ལྗང་མདོག་དཔལ་འབྱོར་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་པར་མ་ཟད། རྒྱལ་ཁབ་རང་གི་ཁེ་ལས་ཀྱིས་ཕ་རོལ་རྒྱལ་ཁབ་ཏུ་དངུལ་གཏོང་ལས་སྤེལ་བྱེད་པར་སྐུལ་མ་བཏང་ནས། གོ་ལ་ཧྲིལ་བོའི་ཐོན་ལས་ཕྲེང་འབྲེལ་དང་མཁོ་འདོན་ཕྲེང་འབྲེལ་གྱི་བརྟན་འཇགས་ལ་མཉམ་དུ་སྲུང་སྐྱོབ་བྱ་རྒྱུ་ཡིན། 2025ལོའི་ཀྲུང་གོ་དང་ཧྲ་ཐིའི་རིག་གནས་ལོའི་བྱེད་སྒོ་ཡག་པོར་སྤེལ་ཏེ། རིག་གནས་དང་རིག་མཛོད། སློབ་གསོ། སྨྱན་བྱད། དམངས་ཁྲོད་སོགས་མི་ཆོས་བརྗེ་རེས་ཀྱི་མཉམ་ལས་ལ་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་ཕན་ཚུན་རྒྱུས་ལོན་དང་མཛའ་བརྩེ་རྒྱུན་ཆད་མེད་པར་འཕེལ་བར་བྱེད་དགོས། ཀྲུང་གོས་ཧྲ་ཐི་རྒྱལ་ཁབ་ཀྱིས་རྒྱལ་སྤྱི་དང་ས་ཁུལ་ལས་དོན་ཁྲོད་དུ་བྱེད་ནུས་སྔར་ལས་མང་བོ་འདོན་སྤེལ་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་དང་། ཧྲ་ཐི་དང་མཉམ་དུ་ཕྱོགས་མང་མཐུན་སྦྱོར་ལ་ཤུགས་སྣོན་དང་། ཡ་གླིང་རྒྱལ་ཁབ་མཐུན་སྒྲིལ་མཉམ་ལས་བྱེད་པར་སྐུལ་འདེད་གཏོང་བ་། རྒྱལ་སྤྱིའི་འདྲ་མཉམ་དྲང་གཞག་ལ་མཉམ་དུ་སྲུང་སྐྱོབ་བྱས་ནས། གོ་ལ་ཧྲིལ་བོའི་བཅོས་སྐྱོང་ལས་དོན་དེ་སྔར་ལས་དྲང་གཞག་དང་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད།

མུའུ་ཧན་མའོ་ཏི་ཡིས་བསྟན་དོན། ཧྲ་ཐི་དང་ཀྲུང་གོའི་བར་མཛའ་བརྩེའི་འགྲོ་འོང་གི་ལོ་རྒྱུས་ཡུན་རིང་ལྡན། རྒྱལ་པོ་སཱ་ལི་མན་དང་ཀྲུའུ་ཞི་ཞི་ཅིན་ཕིང་གི་འཐབ་ཇུས་སྣེ་ཁྲིད་འོག རྒྱལ་ཁབ་གཉིས་ཀྱི་འབྲེལ་བས་ཆུ་ཚད་མཐོ་བའི་འཕེལ་རྒྱས་སྲུང་འཛིན་བྱས་ཡོད་པས། ཕན་ཚུན་བློ་གཏད་ཆོག་པའི་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོ་ཡིན། རྒྱལ་ཁབ་གཉིས་ཀྱིས་ཆབ་སྲིད་སྟེང་ཚད་མཐོའི་ཡིད་རྟོན་བྱེད་ཅིང་། ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་འགྲོ་བཞིན་ཡོད། ཧྲ་ཐིས་ཀྲུང་གོ་ཕྱོགས་དང་མཐོ་རིམ་འགྲོ་འོང་དམ་ཟབ་བྱས་ཏེ། ཧྲ་ཐི་དང་ཀྲུང་གོ་ཡི་མཐོ་རིམ་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་རྐྱེན་སྲོལ་བྱེད་ནུས་འདོན་སྤེལ་བཟང་པོ་བྱེད་པར་མ་ཟད། འཕེལ་རྒྱས་འཐབ་ཇུས་ཀྱི་སྦྲེལ་མཐུད་ལ་ཤུགས་སྣོན་དང་། ནུས་ཁུངས་དང་དངུལ་གཏོང་། དངུལ་རྩ། མི་ཆོས་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་ཇེ་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་ལྷག་པའི་བདེ་སྐྱིད་བསྐྲུན་འདོད་ཡོད། རྒྱལ་ཁབ་གཉིས་ཀྱིས་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་སྟེང་ལངས་ཕྱོགས་གཅིག་མཚུངས་འཛིན་པ་དང་འགན་འཁྲི་མཉམ་ཁུར་བྱེད་དགོས། རྒྱལ་ཁབ་གཉིས་ཀྱིས་རྒྱལ་ཁབ་གཞན་གྱི་བདག་དབང་ལ་བརྩི་བཀུར་བྱེད་པ་དང་། དེའི་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པའི་རྩ་དོན་ལག་བསྟར་བྱེད་པ་རྒྱུན་འཁྱོངས་བྱ་དགོས། ཧྲ་ཐི་རྒྱལ་ཁབ་ཀྱིས་ཀྲུང་གོས་ཕ་ལེ་སི་ཐན་གནད་དོན་ཐད་ནས་དྲང་གཞག་གི་ལངས་ཕྱོགས་སྲུང་འཛིན་བྱས་པར་ཚད་མཐོའི་བསྟོད་བསྔགས་བྱེད་བཞིན་ཡོད་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་སྤྱིའི་ཕྱོགས་མང་ལས་དོན་གྱི་མཐུན་སྦྱོར་དམ་ཟབ་ཏུ་བཏང་ནས། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་། བདེ་འཇགས་དང་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པར་བྱས་རྗེས་འཇོག་འདོད་ཡོད།

གྲོས་ཚོགས་ཀྱི་རྗེས་སུ། ལིས་ཆང་དང་མུའུ་ཧན་མའོ་ཏི་ཡིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་དང་ཧྲ་ཐི་ཨ་རབ་རྒྱལ་པོའི་སྲིད་གཞུང་གི་མཐོ་རིམ་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པའི་ཟིན་བྲིས་གནད་བསྡུས་སྟེང་མཉམ་དུ་མིང་རྟགས་བཀོད།

གྲོས་ཚོགས་སྔོན་དུ། མུའུ་ཧན་མའོ་ཏི་ཡིས་ལིས་ཡཱ་ཏི་ཕོ་བྲང་དུ་ལིས་ཆང་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས་ཤིང་། ལིས་ཆང་གིས་མུའུ་ཧན་མའོ་ཏི་ཡི་འགྲོ་རོགས་འོག་གུས་ཞབས་རུ་སྦྲེང་ལ་གཟིགས་ཞིབ་གནང་།

འཚམས་འདྲིའི་སྐབས་སུ། ཕྱོགས་གཉིས་ཀྱིས་ད་དུང་ལག་རྩལ་ལས་རིགས་དང་གནམ་གཤིས་སོགས་ཐད་ཀྱི་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་མང་པོ་བཀོད།

རིག་འཛིན་སྒྲོལ་མས་བསྒྱུར།