རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཅིག་པ་པེ་ཅིང་དུ་གྲོལ།
2024.09.14 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 14

 རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཅིག་པ་ཚེས13ཉིན་གྱི་སྔ་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོལ།  གྲོས་ཚོགས་ལས་བརྡས་ཐག་བཅད་པ་བརྒྱུད་གསར་དུ་བཟོ་བཅོས་བྱས་པའི་རྒྱལ་སྲུང་སློབ་གསོའི་བཅའ་ཁྲིམས་དང་། སྡོམ་རྩིས་བཅའ་ཁྲིམས་ལ་བཟོ་བཅོས་བྱེད་པའི་སྐོར་གྱི་གཏན་འབེབས་དང་།  རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་དོན་ལྔ་འཁོར་བའི་སྐབས་སུ་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་གནང་བའི་སྐོར་གྱི་གཏན་འབེབས་བཅས་ལ་གྲོས་འཆམ་བྱུང་བ་དང་།  ཐང་རིན་ཅན་གྱི་ཞིང་ལས་གྲོང་གསེབ་པུའུ་ཡི་པུའུ་ཀྲང་གི་གོ་གནས་བླངས་ཏེ། ཧན་ཅུན་ཞིང་ལས་གྲོང་གསེབ་པུའུ་ཡི་པུའུ་ཀྲང་ལ་བསྐོ་རྒྱུ་ཐག་བཅད།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སོ་སོར་ཀྲུའུ་ཞིའི་བཀའ་རྒྱ30པ་དང་། 31པ། 32པ། 33པ་བཅས་ཀྱི་སྟེང་མཚན་བཀོད་པ་དང་། ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་གྲོས་ཚོགས་གྲོལ་བར་འགོ་འཛིན་མཛད།

རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི164གྲོས་ཚོགས་ལ་ཞུགས་པ་དང་། གྲོས་ཚོགས་ལ་ཞུགས་པའི་མི་གྲངས་བཅའ་ཁྲིམས་ཀྱི་གཏན་འཁེལ་མི་གྲངས་དང་མཐུན།

གྲོས་ཚོགས་ལས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་བཅད་ལས་འཁྱུར་ངལ་གསོའི་ལོ་ཚད་རིམ་འཕེལ་རྣམ་པས་ཕྱིར་འགྱངས་བྱེད་པའི་སྐོར་གྱི་གཏན་འབེབས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་།

གྲོས་ཚོགས་ལས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི《1993ལོའི་ཟླ1ཚེས14ཉིན་བཞག་པའི〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཧ་སག་སི་ཐན་སྤྱི་མཐུན་རྒྱལ་ཁབ་བར་གྱི་དམངས་དོན་དང་ཉེས་དོན་ཁྲིམས་འཛིན་གཞོགས་འདེགས་སྐོར་གྱི་ཆིངས་ཡིག〉ལ་བཟོ་བཅོས་བྱེད་པའི་སྐོར་གྱི་གྲོས་ཆོད་ཡི་གེར》 ཆོག་མཆན་འགོད་པའི་སྐོར་གྱི་གཏན་འབེབས་དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཝུའུ་ར་ཀུའེ་ཤར་འགྲམ་སྤྱི་མཐུན་རྒྱལ་ཁབ་བར་གྱི་ཉེས་དོན་ཁྲིམས་འཛིན་གཞོགས་འདེགས་སྐོར་གྱི་ཆིངས་ཡིག》ལ་ཆོག་མཆན་འགོད་པའི་སྐོར་གྱི་གཏན་འབེབས།  《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཡོ་ནན་སྤྱི་ཚོགས་རིང་ལུགས་སྤྱི་མཐུན་རྒྱལ་ཁབ་བར་གྱི་ཁྲིམས་ཆད་བཅད་པའི་མི་སྣ་རྩིས་སྤྲོད་དོ་དམ་བྱེད་པའི་སྐོར་གྱི་ཆིངས་ཡིག》ལ་ཆོག་མཆན་འགོད་པའི་སྐོར་གྱི་གཏན་འབེབས་བཅས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་།

གྲོས་ཚོགས་ལས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འཐུས་མི་རེ་འགའི་འཐུས་མིའི་ཐོབ་ཐང་སྐོར་གྱི་སྙན་ཞུར་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་།

གྲོས་ཚོགས་ལས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བསྐོ་འཇོག་བྱེད་པར་ཆོག་མཆན་འགོད་པའི་མིང་ཐོར་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་།

གྲོས་ཚོགས་ལས་བརྡས་ཐག་བཅད་པ་བརྒྱུད། ཅིན་ཅུན་ཧའེ་རྒྱལ་ཡོངས་དམངས་ཆེན་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པར་བསྐོས།

གྲོས་ཚོགས་ལས་བརྡས་ཐག་བཅད་པ་བརྒྱུད། ཁྲིན་གོ་ཆིན་གྱི་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་གཞོན་པ་དང་ཞིབ་དཔྱོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་གོ་གནས་བླངས།

གྲོས་ཚོགས་ལས་ད་དུང་བསྐོ་འཐེན་གྱི་གྲོས་གཞི་གཞན་དག་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ལིས་ཧུང་ཀྲུང་དང་། ཝང་ཏུང་མེན།  ཞའོ་ཅེ། ཀྲིན་ཅན་པང་། ཧའོ་མེན་ཅིན།  ཚའེ་ཏ་ཧྥིན། ཧི་ཝེ།  ཝུའུ་ཝེ་ཧྭ།  ཐེ་ཉིན།   ཕིན་ཆིན་ཧྭ།  ཀྲང་ཆིན་ཝེ། བློ་བཟང་རྒྱལ་མཚན། ཞུའེ་ཁི་ལའེ་ཐིས·ཀྲ་ཁི་ཨར།  དྲུང་ཡིག་ཆེན་མོ་ལིའུ་ཆི་བཅས་གྲོས་ཚོགས་ལ་ཞུགས།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་གོ་ཀྲུང་དང་། ཆེས་མཐོ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲང་ཅུན། ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་དབྱིན་ཡུང་། རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བློ་མཐུན། རྒྱལ་ཡོངས་དམངས་ཆེན་གྱི་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོའི་ཁོངས་མི། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་སོ་སོའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བློ་མཐུན། ཞིང་ཆེན་རིམ་པ་གཞོན་པའི་གྲོང་ཁྱེར་ཁག་ཅིག་གི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བློ་མཐུན་གཙོ་བོ། རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཁག་ཅིག  འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་སོགས་གྲོས་ཚོགས་ལ་ཟུར་ཞུགས་བྱས།

གྲོས་ཚོགས་གྲོལ་རྗེས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཆེད་དོན་འཆད་ཁྲིད་ཐེངས་བཅུ་གཉིས་པ་སྤེལ་བ་དང་། ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་འགོ་འཛིན་མཛད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་དབྱང་བཅོས་སྒྱུར་གཞུང་སྒྲུབ་ཁང་གི་རྒྱུན་ལྡན་ལས་དོན་ལ་དོ་དམ་བྱེད་པའི་ཀྲུའུ་རིན་གཞོན་པ་མུའུ་ཧུང་གིས་ཁ་ཡིག་ལ《ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ།  ཆོད་དོན་ལས་བཀོད་སྒྲིག་བྱས་པའི་བཅོས་སྒྱུར་ལས་འགན་དོན་འཁྱོལ་བྱེད་པར་སྐུལ་འདེད་ནན་མོ་བྱེད་དགོས》ཞེས་པའི་འཆད་ཁྲིད་བྱས།

སྒྲོལ་མ་སྐྱིད་ཀྱིས་བསྒྱུར།