2025ལོ་ནས་བཟུང་ཁྲིམས་བཅད་ཀྱི་ལས་འཁྱུར་ངལ་གསོའི་ལོ་ཚོད་ཕྱིར་འགྱངས་བྱ་རྒྱུ་རེད།
2024.09.14 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 16

 ཟླ9པའི་ཚེས13ཉིན།  རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཐིན་གྱིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས།  མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་ལས་འཁྱུར་ངལ་གསོའི་ལོ་ཚོད་དེ་ཁྲིམས་བཅད་ལྟར་རིམ་འཕེལ་རྣམ་པས་ཕྱིར་འགྱངས་བྱ་རྒྱུ་རྒྱུན་འཁྱོངས་བྱེད་རྒྱུ་ཡིན་པར་བསྟན།  2025ལོའི་ཟླ1ཚེས1ཉིན་ནས་བཟུང་། སྔོན་ཆད་ཁྲིམས་བཅད་ཀྱི་ལས་འཁྱུར་ངལ་གསོའི་ལོ་ཚོད་དེ་ལོ60ཡིན་པའི་སྐྱེས་པ་ལས་བཟོ་པའི་ལས་འཁྱུར་ངལ་གསོའི་ལོ་ཚོད་དེ་ཁྲིམས་བཅད་ལྟར་ཟླ་བ་བཞི་རེའི་ནང་ཟླ་བ་གཅིག་ཕྱིར་འགྱངས་བྱས་ནས་རིམ་བཞིན་ལོ63བར་ཕྱིར་འགྱངས་བྱ་རྒྱུ་ཡིན་པ་དང་། ཁྲིམས་བཅད་ཀྱི་ལས་འཁྱུར་ངལ་གསོའི་ལོ་ཚོད་དེ་ལོ55ཡིན་པའི་བུད་མེད་ལས་བཟོ་པ་ཡིན་ན། ཁྲིམས་བཅད་ཀྱི་ལས་འཁྱུར་ངལ་གསོའི་ལོ་ཚོད་ཀྱི་ཟླ4རེའི་ནང་དུ་ཟླ1རེ་ཕྱིར་འགྱངས་བྱས་ནས། རིམ་བཞིན་ལོ58བར་ཕྱིར་འགྱངས་བྱ་རྒྱུ་རེད། ཁྲིམས་བཅད་ཀྱི་ལས་འཁྱུར་ངལ་གསོའི་ལོ་ཚོད་དེ་ལོ50ཡིན་པའི་བུད་མེད་ལས་བཟོ་པ་ཡིན་ན། ཁྲིམས་བཅད་ཀྱི་ལས་འཁྱུར་ངལ་གསོའི་ལོ་ཚོད་ཀྱི་ཟླ2རེའི་ནང་དུ་ཟླ1རེ་ཕྱིར་འགྱངས་བྱས་ཏེ་རིམ་བཞིན་ལོ55ཡི་བར་དུ་ཕྱིར་འགྱངས་བྱ་རྒྱུ་རེད།

ཁྲིམས་བཅད་ཀྱི་ལས་འཁྱུར་ངལ་གསོའི་ལོ་ཚོད་རིམ་འཕེལ་རྣམ་པས་ཕྱིར་འགྱངས་བྱེད་པར་སྟབས་བསྟུན་གྱི་ལག་བསྟར་དང་རང་མོས་ཀྱི་གདམ་ག་རྒྱུན་འཁྱོངས་བྱ་རྒྱུ་རེད། ལས་བཟོ་པས་ཆ་རྐྱེན་ངེས་ཅན་ཞིག་གི་འོག་ཏུ། སྟབས་བསྟུན་གྱི་སྒོ་ནས་ལས་འཁྱུར་ངལ་གསོའི་དུས་ཚོད་སྔ་སྣུར་བྱེད་པའམ་ཡང་ན་ལས་འཁྱུར་ངལ་གསོའི་དུས་ཚོད་ཕྱིར་འགྱངས་བྱེད་ཆོག་ལ། དུས་ཡུན་ཆེས་རིང་ནའང་ལོ་གསུམ་ལས་བརྒལ་མི་ཆོག་པ་དང་།  སྔར་གྱི་ཁྲིམས་བཅད་ཀྱི་ལས་འཁྱུར་ངལ་གསོའི་ལོ་ཚོད་ལས་དམའ་མི་རུང་།

གཡང་འབུམ་རྒྱལ་གྱིས་བསྒྱུར།