ཀྲའོ་ལི་ཅི་ཡིས་ཅིར་ཅི་སི་སི་ཐན་གྱི་གྲོས་དཔོན་དང་གྲོས་མོལ་གནང་།
2024.09.14 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 7

ཟླ9པའི་ཚེས13ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཅིར་ཅི་སི་སི་ཐན་གྱི་གྲོས་དཔོན་ཧྲ་ཅིས་ཡའེ་ཧྥུའོ་དང་གྲོས་མོལ་གནང་།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚེས13ཉིན་གྱི་ཕྱི་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཅིར་ཅི་སི་སི་ཐན་གྱི་གྲོས་དཔོན་ཧྲ་ཅིས་ཡའེ་ཧྥུའོ་དང་གྲོས་མོལ་གནང་།

ཀྲའོ་ལི་ཅི་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཀྲ་ཕཱ་ལའོ་ཧྥུའོ་གཉིས་ཀྱི་འཐབ་ཇུས་ཁྲིད་སྟོན་འོག རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ཐོད་བརྒལ་རྣམ་པའི་འཕེལ་རྒྱས་མངོན་འགྱུར་བྱུང་བ་དང་། དུས་རབས་གསར་པའི་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བའི་མཐོ་ཚད་གསར་པར་སླེབས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཅིར་ཅི་སི་སི་ཐན་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱེད་པ་དེ་གཙོ་ཐིག་ཏུ་བརྩིས་ནས། ཕྱོགས་ཡོངས་ཀྱི་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། ལག་རྡང་སྦྲེལ་ནས་འཆམ་མཐུན་མཛའ་བརྩེ་དང་དར་རྒྱས་མཉམ་སྤྱོད་བྱེད་པའི་ཀྲུང་གོ་དང་ཅིར་ཅི་སི་སི་ཐན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་འདོད་ཡོད་ཅེས་གསུངས།

ཀྲའོ་ལི་ཅི་ཡིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཅིར་ཅི་སི་སི་ཐན་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཁེ་ཕན་བཅས་ལ་སྲུང་སྐྱོབ་བྱེད་པར་སྔར་བཞིན་རྒྱབ་སྐྱོར་བརྟན་པོ་བྱེད་རྒྱུ་ཡིན་ལ། ཅིར་ཅི་སི་སི་ཐན་ཕྱོགས་ཀྱིས་ཐེ་ཝན་དང་། ཞིན་ཅང་། བོད་ལྗོངས་སོགས་ཀྲུང་གོའི་ཁེ་ཕན་གཙོ་བོར་འབྲེལ་བའི་གནད་དོན་ཐད་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་ལ་རྒྱབ་སྐྱོར་བརྟན་པོ་བྱས་པར་བཀའ་དྲིན་ཞུས་པ་ཡིན། སྲོལ་རྒྱུན་གྱི་མཉམ་ལས་སྦས་ཤུགས་སྔོག་འདོན་ཟབ་མོ་བྱེད་པ་དང་། ཐོན་སྐྱེད་ནུས་ཤུགས་གསར་མའི་སྒུལ་ནུས་གསར་སྐྲུན་བྱེད་ཅིང་། ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་བརྗེ་རེས་ལ་ཤུགས་སྣོན་པ་དང་། མཉམ་འབྲེལ་མཉམ་མཐུད་ཀྱི་རྣམ་པ་འཐུས་ཚང་དུ་བཏང་ནས། ཀྲུང་གོ་དང་ཅིར་ཅི་སི་སི་ཐན། ཝུའུ་ཙི་པེ་ཁི་སི་ཐན་བཅས་ཀྱི་ལྕགས་ལམ་འཛུགས་སྐྲུན་མགྱོགས་མྱུར་ངང་མགོ་རྩོམ་དགོས། མི་གཞུང་བརྗེ་རེས་ལ་ཤུགས་སྣོན་པ་དང་། ཀྲུང་གོ་དང་ཅིར་ཅི་སི་སི་ཐན་གྱི་འབྲེལ་བའི་དམངས་འདོད་རྨང་གཞི་སྲ་བརྟན་གཏོང་དགོས། ཐུན་མོང་བདེ་འཇགས་ཀྱི་འགོག་ར་བརྟན་པོ་བཙུགས་ཏེ། རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་ལ་ཁོར་ཡུག་ལེགས་པོ་བསྐྲུན་དགོས་ཞེས་གསུངས།

ཀྲའོ་ལི་ཅི་ཡིས་ནན་གྱིས་བསྟན་དོན། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་ཅིར་ཅི་སི་སི་ཐན་གྱི་གྲོས་ཁང་དང་མཉམ་དུ། ཁྲིམས་འཛུགས་ལས་ཁུངས་བར་ཀྱི་འགྲོ་འོང་ལ་ཤུགས་བསྣན་ནས། དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་ཁྲིམས་ལུགས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་རྒྱུ་ཡིན། ཕྱི་དོན་དང་འབྲེལ་བའི་ཁྲིམས་སྐྱོང་འཛུགས་སྐྲུན་སོགས་ཀྱི་ཁྱབ་ཁོངས་ལ་གཞིགས་ནས་ཕན་ཚུན་སློབ་སྦྱོང་དང་དཔེ་ལྟོས་བྱེད་དགོས། ཀྲུང་གོ་དང་ཀྲུང་གོ་དང་ཨེ་ཤ་ཡའི་རྐྱེན་སྲོལ། ཧྲང་ཧེ་མཉམ་ལས་རྩ་འཛུགས་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་གི་འབྲེལ་འདྲིས་མཉམ་ལས་དམ་ཟབ་སྤེལ་དགོས་ཞེས་གསུངས།

ཀྲའོ་ལི་ཅི་ཡིས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ཀྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་མཛད་པ་དང་། ཁོས་གསུངས་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་ཅིར་ཅི་སི་སི་ཐན་ཕྱོགས་དང་མཉམ་དུ་ཕན་ཚུན་གྱིས་གདམ་ག་བྱས་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་དང་ལམ་ལུགས་ཀྱི་རྣམ་པའི་ཐད་ཕན་ཚུན་གོང་བཀུར་བྱེད་པའི་རྨང་གཞིའི་སྟེང་། དམངས་གཙོའི་ཁྲིམས་སྐྱོང་འཛུགས་སྐྲུན་གྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་འདོད་ཡོད།

ཧྲ་ཅིས་ཡའེ་ཧྥུའོ་ཡིས་བསྟན་དོན། ཅིར་ཅི་སི་སི་ཐན་དང་ཀྲུང་གོ་མཛའ་བརྩེའི་རྒྱུན་རིང་བས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་དུས་རབས་གསར་བའི་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བར་མཐོར་འདེགས་བྱུང་ཡོད། ཀྲུང་གོ་དང་། ཅིར་ཅི་སི་སི་ཐན། ཝུའུ་ཙི་པེ་ཁི་སི་ཐན་བཅས་ཀྱི་ལྕགས་ལམ་ལས་གཞི་དངོས་འབེབས་བྱེད་པ་དེས་ཅིར་ཅི་སི་ཐན་ལ་འཕེལ་རྒྱས་ཀྱི་གོ་སྐབས་གསར་བ་སྟེར་ངེས། ཅིར་ཅི་སི་སི་ཐན་གྱི་གྲོས་ཁང་གིས་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་བར་གྱི་མཛའ་བརྩེའི་འགྲོ་འོང་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་དང་། དངུལ་གཏོང་། རིག་གནས། ཡུལ་སྐོར། ས་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཐད་ཁྲིམས་འཛུགས་ལས་ཁུངས་ཀྱིས་བྱས་རྗེས་འཇོག་འདོད་ཡོད་ཟེར།

ཞའེ་ཁི་ལའེ་ཐིས·ཀྲ་ཁི་ཨར་གྲོས་མོལ་ལ་ཞུགས།

ལྷ་མོ་འཚོས་བསྒྱུར།