ཝང་ཧུའུ་ཉིང་གིས་ཅིར་ཅི་སི་སི་ཐན་གྱི་གྲོས་དཔོན་དང་མཇལ་འཕྲད་གནང་།
2024.09.14 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 11

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཚེས13ཉིན། པེ་ཅིང་དུ་ཅིར་ཅི་སི་སི་ཐན་གྱི་གྲོས་དཔོན་ཧྲ་ཅི་ཡེ་ཧྥུའུ་དང་མཇལ་འཕྲད་གནང་།

ཝང་ཧུའུ་ཉིང་གིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཀྲ་ཕ་ལུའོ་ཧྥུའུ་ཡི་འཐབ་ཇུས་ཀྱི་སྣེ་ཁྲིད་འོག  ཀྲུང་གོ་དང་ཅིར་ཅི་སི་སི་ཐན་ཁབ་གཉིས་ཀྱིས་ཕྱོགས་གཉིས་ཀྱི་འབྲེལ་བ་དེ་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་རིམ་སྤོར་བྱས་ཏེ།  ལག་གདང་སྦྲེལ་ནས་ཁྱིམ་མཚེས་རྒྱལ་ཁབ་བར་གྱི་མཛའ་མཐུན་དང་དར་རྒྱས་མཉམ་སྤྱོད་ཀྱི་ཀྲུང་གོ་དང་ཅིར་ཅི་སི་སི་ཐན་རྒྱལ་ཁབ་གཉིས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་སྐྲུན་བྱེད་རྒྱུ་ཡིན།  ཀྲུང་གོ་ཕྱོགས་ཀྱིས་ཅིར་ཅི་སི་སི་ཐན་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་དོན་འཁྱོལ་བྱས་ཏེ། ཕྱོགས་གཉིས་ཀྱི་འབྲེལ་བ་རྒྱུན་མཐུད་དང་ཆུ་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད།  ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཅིར་ཅི་སི་སི་ཐན་བར་གྱི་བརྗེ་རེས་དང་འགྲོ་འོང་ལ་ཤུགས་བསྣན་ནས། ཀྲུང་གོ་དང་ཅིར་ཅི་སི་སི་ཐན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྟོབས་ཤུགས་འབུལ་རྒྱུ་ཡིན།

ཧྲ་ཅི་ཡེ་ཧྥུའུ་ཡིས་ཀྲུང་གོའི་ཁྱབ་ཁོངས་སོ་སོའི་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ལ་རྟེན་འབྲེལ་ཞུས།  ཁོས་བསྟན་དོན། ཅིར་ཅི་སི་སི་ཐན་དང་ཀྲུང་གོ་རྒྱལ་ཁབ་གཉིས་བར་ཆབ་སྲིད་ཀྱི་མི་མཐུན་པའི་ཆ་དང་མཉམ་ལས་ཀྱི་འགལ་རྐྱེན་ཅི་ཡང་མེད། མིག་སྔར་ཅིར་ཅི་སི་སི་ཐན་དང་ཀྲུང་གོའི་འབྲེལ་བ་ཆུ་ཚད་མཐོན་པོའི་ཕྱོགས་སུ་འཕེལ་རྒྱས་བྱུང་ནས།  དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་རིམ་སྤོར་བྱུང་ཡོད། རྒྱལ་ཁབ་གཉིས་ཀྱི་སྡེ་ཁག་སོ་སོས་འབྲེལ་གཏུག་དམ་ཟབ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས་དཔལ་འབྱོར་དང་རིག་གནས། སློབ་གསོ་སོགས་ཀྱི་ཁྱབ་ཁོངས་ཁག་ཏུ་མཉམ་ལས་རྒྱ་ཁྱབ་བྱས་ཡོད། ཅིར་ཅི་སི་སི་ཐན་གྲོས་ཁང་གིས་ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་དང་མཉམ་ལས་ཟབ་མོ་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བར་སྟོབས་ཤུགས་འབུལ་འདོད་ཡོད་ཟེར།

གཡང་འབུམ་རྒྱལ་གྱིས་བསྒྱུར།