ཚེས22ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་གོ་ཀྲུང་ཧོ་ནན་ལན་ཁའོ་རུ2024ལོའི་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་གྱི་རྒྱལ་ཡོངས་ཀྱི་ཚོགས་ར་གཙོ་བོའི་བྱ་འགུལ་ལ་ཞུགས་ཤིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ནན་ཏན་སྒོས་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་པ། ཞིང་པ་དུང་ཕྱུར་མང་པོ་དང་སྤྱི་ཚོགས་ལས་རིགས་སོ་སོའི་ངར་ཤུགས་འཕེལ་བར་སྐུལ་མ་གཏོང་བ། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ཏེ། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་མངོན་འགྱུར་དང་ཞིང་ལས་ཀྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པར་རྨང་གཞི་འདིང་དགོས་ཞེས་ནན་གྱིས་བསྟན།
ལིའུ་གོ་ཀྲུང་གིས་ཡུལ་དངོས་ནས“ཁྲི་སྟོང་བཟོ་འགོད”ཀྱི་ཉམས་མྱོང་ལ་སློབ་སྦྱོང་དང་བེད་སྤྱོད་བྱེད་པའི་གྲུབ་འབྲས་འགྲེམས་སྟོན་དང་དེ་མིན་སྤུས་ལེགས་ཞིང་ལས་ཐོན་རྫས་དང་གྲོང་གསེབ་ཀྱི་བཟོ་བོའི་རྩལ་ནུས་སོགས་ཀྱི་འགྲེམས་སྟོན་ལ་བལྟ་སྐོར་གནང་བར་མ་ཟད། ཞིང་པ་མང་ཚོགས་དང་མཉམ་དུ་ལོ་ལེགས་དུས་ཆེན་ལ་རྟེན་འབྲེལ་ཞུས།
ལིའུ་གོ་ཀྲུང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟུད་མར་ལོ་བདུན་རིང་རྒྱལ་ཡོངས་ཀྱི་རྒྱ་ཆེའི་ཞིང་པ་དང“ཞིང་གསུམ”འཐབ་ཕྱོགས་ཀྱི་བློ་མཐུན་རྣམས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུ་བ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་ལས། “ཞིང་གསུམ”བྱ་བར་ཚད་མཐོའི་མཐོང་ཆེན་དང་ཞིང་པ་མང་ཚོགས་ལ་བྱམས་བརྩེའི་ཐུགས་ཁུར་གནང་བ་གང་ལེགས་སྒོས་མཚོན་ཡོད། ད་ལོའི་ཚུན་ལ་རྒྱ་ཆེའི་ཞིང་པ་དང་རིམ་པ་སོ་སོའི་ལས་བྱེད་པས་དཀའ་སྤྱད་འབད་བརྩོན་བྱས་ཏེ། རང་བྱུང་གནོད་འཚེ་ཅུང་ཚབས་ཆེ་བ་སོགས་ཀྱི་ཤུགས་རྐྱེན་ངན་པ་སེལ་ནས། དབྱར་འབྲུའི་ཐོན་འཕར་དང་སྔ་སྨིན་འབྲས་ཀྱི་ཐོན་འཕར་བརྟན་པོ་ཡོང་བར་བྱས་ཤིང་། ལོ་ཧྲིལ་པོའི་འབྲུ་རིགས་ལ་ལོ་ལེགས་ཆེན་པོ་ཡོད་པའི་རེ་བ་ཡོད་པས་གྲུབ་འབྲས་དེ་ནི་ལས་སླ་པོར་ཐོབ་པ་ཞིག་མིན། མིག་སྔར་སྟོན་འབྲུ་བསྡུ་བའི་དུས་ཚིགས་ཡིན་པས། ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བར་ཞིང་ཁའི་དོ་དམ་བྱེད་ཐབས་དོན་འཁྱོལ་ཡག་པོ་བྱེད་པ་དང་། གནོད་འཚེར་ལྟ་ཞིབ་ཚད་ལེན་དང་སྔོན་ཚུད་ཉེན་བརྡ་གཏོང་བ་དང་ཁ་གཏད་འཇལ་བར་ཤུགས་བསྣན་ནས་སྟོན་འབྲུར་ལོ་ལེགས་ཡོང་བར་བརྩོན་ལེན་བྱེད་དགོས། “ཁྲི་སྟོང་བཟོ་འགོད”ཀྱི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱེད་པ་དང་། ཞིང་དར་ཞིང་ཕན་ཞིང་ཕྱུག་གི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་པ། ཡུལ་བབ་དང་བསྟུན་ནས་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་གཏོང་བ། གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། གྲོང་གསེབ་བཅོས་སྐྱོང་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། ཐབས་བརྒྱ་ཇུས་སྟོང་གིས་ཞིང་པའི་ཡོང་འབབ་ཇེ་མང་དུ་གཏོང་བ་དང་། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ། གྲོང་གསེབ་འཕེལ་རྒྱས་ཀྱི་གསོན་ཤུགས་འཕེལ་བ་བཅས་བྱས་ནས། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་ལ་སྐུལ་འདེད་གཏོང་བར་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ལེན་དགོས།
ལིའུ་གོ་ཀྲུང་གིས་ད་དུང་ཡུལ་དངོས་ནས་སྟོན་འབྲུའི་ཐོན་འབབ་དང་ཞིང་ཁའི་དོ་དམ་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་གནང་།
སྒྲོལ་མ་སྐྱིད་ཀྱིས་བསྒྱུར།