ཁྲལ་བསྡུ་ཞབས་ཞུ་ཡི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕན་ནུས་སྔར་ལས་ཆེ་རུ་ཕྱིན།
2024.09.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

ཟླ9པའི་ཚེས20ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གིས“སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས”ཞེས་པའི་བརྗོད་དོན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་རབ་དང་རིམ་པ་འཚོགས་ནས། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའུ་ཡི་འབྲེལ་ཡོད་འགན་འཁུར་མི་སྣས་ཁྲལ་བསྡུ་ཞབས་ཞུ་ཡི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཐོབ་པའི་ཕན་འབྲས་གསར་པ་ངོ་སྤྲོད་བྱས།

རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའུ་ཡི་འབྲེལ་ཡོད་འགན་འཁུར་མི་སྣས་བཤད་རྒྱུར། ད་ལོ་ནས་བཟུང་ཁྲལ་དོན་སྡེ་ཁག་གིས་ཁྲིམས་དང་སྒྲིག་སྲོལ་ལྟར་ཁྲལ་རིན་ཡོང་འབབ་ལ་རྩ་འཛུགས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། ཁྲལ་གྲོན་གྱི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་ཞིབ་ཚགས་བྱས་ཡོད། ཟླ་དང་པོ་ནས་ཟླ་བརྒྱད་པའི་བར་དུ། ད་ལྟ་ལག་བསྟར་བྱེད་བཞིན་པའི་ཚན་རྩལ་གསར་གཏོད་དང་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་གཙོ་བོའི་ཁྲལ་འཕྲི་རིན་གཅོག་དང་དེ་བཞིན་དཔྱ་ཁྲལ་ཕྱིར་སློག་བྱེད་ཚད་སྒོར་ཁྲག་ཁྲིག་ཆེན་མོ་གཅིག་དང་ཁྲག་ཁྲིག་བརྒྱད་ལས་བརྒལ་ཡོད་ཅིང་། ཁྲལ་བསྡུའི་གཞི་གྲངས་ཆེན་མོར་བརྟེན་ནས་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་སྣ་ཚོགས་མི་ཐེངས་དུང་ཕྱུར་གསུམ་དང་བྱེ་བ་དྲུག་ལ་གནད་དུ་ཁེལ་བའི་སྒོ་ནས་ཁྱབ་བརྡལ་དུ་བཏང་ཡོད་ལ། གཅིག་གྱུར་ཚད་ལྡན་གྱི་གློག་རྡུལ་ཁྲལ་དོན་ཅུའུ་གསར་པ་རྒྱལ་ཡོངས་སུ་སྤྱོད་འགོ་བརྩམས་པར་མ་ཟད། ཁྲལ་གཉེར་དུས་ཡུན་དུས་མཚུངས་ལས20%ཡིས་ཉུང་དུ་ཕྱིན་ཟེར།

དུས་མཚུངས་སུ། དམངས་འཚོའི་དོ་ཁུར་ལ་རྒྱུན་མཐུད་ངང་དམ་པོར་དམིགས་ནས་ཁྲལ་བསྡུའི་སྲིད་ཇུས་ཀྱིས་ཕན་ཁེ་གང་ལེགས་བསྐྲུན་རྒྱུར་སྐུལ་འདེད་བཏང་ཡོད། ད་ལོའི་ཟླ6པའི་ཟླ་མཇུག་ཏུ་དངོས་སུ་མཇུག་སྒྲིལ་བའི་དཔྱ་ཁྲལ་བསྡོམས་རྩིས་གཙང་འཇལ་གྱི་གཞི་གྲངས་ལས་མངོན་པ་ལྟར་ན། 2023ལོའི་ལོ་ཧྲིལ་བོར། “རྒན་བྱིས་གཉིས”ཀྱི་མི་སྒེར་གྱི་ཐོབ་ཁྲལ་གྱི་ཆེད་དོན་ཟུར་སྣོན་འཐེན་འཕྲིའི་ཚད་གཞི་མངོན་སུམ་ཇེ་མཐོར་ཕྱིན་ནས། མི་བྱེ་བ་དྲུག་དང་ས་ཡ་བདུན་ལྷག་ལ་ཕན་པ་དངོས་ཐོབ་པ་དང་། དཔྱ་ཁྲལ་ཆག་ཡང་གི་གཞི་ཁྱོན་གྱིས་སྒོར་ཐེར་ཆེན་བདུན་ལྷག་ཟིན་ཡོད་ཟེར།

མ་འོངས་པར་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའུ་ཡིས་ཁྲལ་བསྡུའི་ཁྱབ་ཁོངས་ཀྱི་བཅོས་སྒྱུར་སྔར་ལས་ཟབ་སྤེལ་གཏོང་བ་དང་། སྒྲིག་གཞི་རང་བཞིན་གྱི་ཁྲལ་འཕྲི་རིན་གཅོག་གི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་པ། དཔལ་འབྱོར་འཁོར་རྒྱུག་གི་སྒྲིག་ལམ་དང་རྒྱལ་ཁབ་ཀྱི་ཁྲལ་བསྡུའི་བདེ་འཇགས་ལ་སྲུང་སྐྱོབ་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་ལས་ལེགས་པའི་སྒོ་ནས་ཞབས་འདེགས་ཞུ་རྒྱུ་ཡིན་ཟེར།

བན་དེ་སྐྱབས་ཀྱིས་བསྒྱུར།

ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།