ཟླ9པའི་ཚེས20ཉིན། ལས་འགན་གསར་དུ་ཁུར་བའི་ཞིང་ཆེན་གྱིས་དོ་དམ་བྱེད་པའི་འགོ་ཁྲིད་ལས་བྱེད་པའི་ཐུན་མོང་སྲིད་གཙང་གླེང་མོལ་ཚོགས་འདུ་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་ནས་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འགོ་ཁྲིད་ལས་བྱེད་པས་རང་གཅུན་ནན་མོ་བྱེད་པ་དང་། རང་འགན་རང་གིས་ཁུར་བ། ཁོངས་གཏོགས་ལ་དོ་དམ་ནན་མོ་བྱེད་པ་བཅས་ཀྱི་ཐད་བཏོན་པའི་བླང་བྱ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ཏེ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། བསམ་བློ་གཙོར་བཟུང་ནས་སྒྲིག་ལམ་གྱི་ཚད་མཐའ་བརྟན་སྲུང་བྱེད་པ། བློ་དཀར་སྤྱོད་གཙང་དང་ཁག་ཁུར་ཡོད་པའི་དཔེ་སྟོན་ནུས་པ་འདོན་དགོས་པ་ནན་གྱིས་བསྟན།
ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལིའུ་མཱའེ་ཕིན་གྱིས་ཚོགས་འདུར་འགོ་འཛིན་བྱས་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཀྲའོ་ཡའེ་ཞཱ་ཚོགས་འདུར་ཞུགས།
ཁྲིན་ཀང་གིས་བསྟན་དོན། སྲིད་གཙང་གླེང་མོལ་བྱེད་པ་ནི་ལས་བྱེད་པའི་སློབ་གསོ་དོ་དམ་ལ་ཤུགས་སྣོན་པའི་ལམ་ལུགས་རང་བཞིན་གྱི་བཀོད་སྒྲིག་ཅིག་ཡིན་ལ། དེའི་དམིགས་ཡུལ་ནི་སློབ་གསོ་སྔོན་ལ་གཏོང་བ་དང་སྔོན་འགོག་སྔོན་ལ་བྱས་ཏེ། ལས་འགན་གསར་དུ་ཁུར་བའི་འགོ་ཁྲིད་ལས་བྱེད་པས་རྩ་འཛུགས་དང་མི་དམངས་ཀྱི་ཡིད་ཆེས་དང་མངགས་བཅོལ་སྟོང་ཟད་དུ་མི་གཏོང་བར་སྤྱོད་གཙང་གི་ཚད་མཐའ་བརྟན་པོར་སྲུང་བ་དང་། ཚད་གཞི་མཐོ་ལ་བླང་བྱ་ནན་མོས་ལས་སྒྲུབ་ཁག་ཁུར་བྱེད་པར་ལྟ་སྐུལ་བྱེད་རྒྱུ་དེ་ཡིན།
ཁྲིན་ཀང་གིས་གཏམ་བཤད་སྐབས་འགོ་ཁྲིད་ལས་བྱེད་རེ་འགའི་ཁྱད་དབང་བསམ་བློ་དང་། ཁྲིམས་འགལ་གྱིས་ཟ་འཐུང་བྱེད་པ། མི་འདེམ་མི་བཀོལ་སོགས་ཕྱོགས་ཀྱི་ངོས་ཟིན་གསལ་བོ་མིན་པ་དང་ནོར་འཆུག་གི་བསམ་བློ་དཔེར་བླངས་ནས་ཡོ་བསྲང་བྱས། ཁོས་ནན་གྱིས་བསྟན་དོན། རང་རྟོགས་སྒོས་ཡང་དག་པའི་དབང་ཆའི་ལྟ་བ་བཅངས་ཏེ། དྲང་བདེན་གྱིས་དབང་ཆ་སྤྱོད་པ་དང་། ཁྲིམས་ལྟར་དབང་ཆ་སྤྱོད་པ། དམངས་ཀྱི་ཆེད་དུ་དབང་ཆ་སྤྱོད་པ། སྤྱོད་གཙང་གིས་དབང་ཆ་སྤྱོད་པ་བཅས་བྱེད་པ་དང་། ལྟ་རྟོག་དང་ཚོད་འཛིན་བྱེད་པའི་ཁོར་ཡུག་ཁྲོད་དུ་བྱ་བ་སྒྲུབ་པ་དང་འཚོ་བ་རོལ་བར་གོམས་པར་བྱས་ཏེ། རང་ངོས་གསར་བརྗེའི་སྙིང་སྟོབས་ལ་བརྟེན་ནས། ཁྱད་དབང་བསམ་བློ་དང་ཁྱད་དབང་བྱ་སྤྱོད་མཐའ་གཅིག་ཏུ་འདོར་དགོས། ཁྲིམས་འགལ་གྱིས་ཟ་འཐུང་བྱེད་པ་དང་ལེགས་སྐྱེས་སྟེར་ལེན་བྱེད་པའི་གནད་དོན་གྱི་གནོད་འཚེའི་རང་བཞིན་གསལ་བོར་རྟོགས་པ་དང་། ཁྲིམས་འགལ་གྱི་ཟ་འཐུང་གནད་དོན་དག་ཐེར་ལེགས་བཅོས་བྱེད་པའི་བྱེད་ཐབས་དགུ་བརྩི་སྲུང་ནན་མོ་བྱེད་དགོས། རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་སྡེ་ཁག་གིས་ཞིབ་བཤེར་ཐག་གཅོད་ཁྱབ་བསྒྲགས་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། ཐོག་མཐའ་བར་གསུམ་དུ་འཇིགས་སྣང་སྐྱེད་ཤུགས་ཆེན་པོ་རྒྱུན་འཁྱོངས་བྱེད་དགོས། ལས་གནས་སུ་ཡོད་དུས་ལས་འགན་དུས་ལྟར་སྒྲུབ་པ་དང་། དབང་ཆ་ཡང་དག་སྒོས་སྤྱོད་པ། མང་ཚོགས་ལ་ཁེ་ཕན་ཐོབ་པར་བྱེད་དགོས། ལས་འགན་འཁུར་མཚམས་བཞག་པ་དང་ལས་འཁྱུར་ལས་བྲལ་ངལ་གསོ་བྱས་རྗེས་ཏང་གི་སྒྲིག་ཁྲིམས་བརྩི་སྲུང་ནན་མོ་བྱས་ནས་སྔར་གྱི་ལས་ཁུངས་དང་ས་ཁུལ་གྱི་ལས་དོན་ལ་ཐེ་གཏོགས་བྱེད་མི་རུང་། ཆུ་ཚོད་བརྒྱད་ལས་འདས་པའི་དུས་ཚོད་ལ་དོ་དམ་བཟང་པོ་བྱེད་པ་དང་། རང་རྟོགས་སྒོས་སྤྱི་ཚོགས་དང་འཚོ་བ། གྲོགས་པོ་བཅས་ཀྱི་འབྲེལ་འདྲིས་གཙང་མར་བྱས་ནས་གཞན་ལ་གོ་སྐབས་སྟེར་མི་རུང་། ཚོགས་པ་བསྒྲིགས་པའི་སྣང་ཚུལ་བཀག་འགོག་བྱས་ཏེ། མི་སྒེར་གྱི་སྟོབས་ཤུགས་སྒྲིག་འཛུགས་བྱེད་པ་དང་། ཆབ་སྲིད་ཀྱི་སྐྱེ་ཁམས་ལ་གཏོར་བརླག་བྱེད་པར་སྔོན་འགོག་བྱེད་དགོས། མི་འདེམ་མི་བཀོལ་གྱི་ཁྲིད་ཕྱོགས་ཡང་དག་འཛུགས་པ་དང་། མགོ་བོ་སྒུར་ནས་བྱ་བ་སྒྲུབ་པ་དང་ལས་སྒྲུབ་གྲུབ་འབྲས་འབུར་དུ་ཐོན་པ། མང་ཚོགས་ཡོངས་ཀྱིས་ཁས་ལེན་པའི་ལས་བྱེད་པར་གར་སྟེགས་བསྐྲུན་ནས་གོ་སྐབས་སྟེར་བ་དང་། ལས་བྱེད་པས་བྱ་བ་སྒྲུབ་འདོད་པ་དང་། བྱ་བ་སྒྲུབ་ཐུབ་པ། བྱ་བ་ལེགས་པར་འགྲུབ་པའི་སྣང་ཚུལ་བསྐྲུན་དགོས། སྤྱི་དང་སྒེར་གྱི་དབྱེ་མཚམས་གསལ་དགོས་པ་དང་། ཏང་གཤིས་ལངས་ཕྱོགས་རྒྱུན་འཁྱོངས་བྱེད་པ། ཁྲིམས་སྲོལ་ཚད་མཐའ་དམ་འཛིན་བྱེད་པ་དང་། དྲང་གཞག་གིས་དབང་ཆ་སྤྱོད་པ། དམངས་ཀྱི་ཆེད་དུ་སྲིད་སྐྱོང་བ་དང་། སྒེར་གྱི་ཁེ་ཕན་ལ་འདང་མི་རྒྱག་པ། དུས་ནམ་ཡིན་རུང་ཚད་མཐའ་སྲུང་བ་དང་མཚམས་ཐིག་ལས་བརྒལ་མི་རུང་། འགོ་ཁྲིད་ལས་བྱེད་པས་བཟོ་སྐྲུན་ལས་གཞི་འཛུགས་སྐྲུན་དང་ཚོང་འགུག་ལ་ཐེ་གཏོགས་བྱེད་པར་སྔོན་འགོག་བྱེད་པའི་གཏན་འགོག་བཀའ་རྒྱ་དགུ་ལག་བསྟར་ནན་མོ་བྱེད་པ་དང་། ནམ་ཡིན་རུང་ཅི་ཞིག་སྒྲུབ་རུང་བ་དང་གང་ཞིག་སྒྲུབ་མི་རུང་བ་ཡིད་ལ་དམ་པོར་བཟུང་སྟེ། ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་གོ་རྟོགས་ལྡན་པར་བྱེད་དགོས། བྱ་བའི་དབང་ཆ་གང་ཞིག་ལག་བསྟར་བྱེད་ཀྱང་ཚོད་བཀག་ཡོད་པ་རྟོགས་དགོས་པ་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་ལ་ཤུགས་བསྣན་ནས། སྒྲིག་ལམ་གྱི་འདུ་ཤེས་མཐོར་འདེགས་གཏོང་བ་དང་། གུས་སྐྲག་ཤེས་ལ་དོགས་ཟོན་སྐྱེས་པ། ཚད་མཐའ་སྲུང་བ་བཅས་བྱེད་དགོས་པ་ནན་གྱིས་བསྟན།
ལིའུ་མཱའེ་ཕིན་གྱིས་ཚོགས་འདུར་འགོ་འཛིན་བྱེད་སྐབས་བསྟན་དོན། ལས་འགན་གསར་དུ་ཁུར་བའི་ཞིང་ཆེན་གྱིས་དོ་དམ་བྱེད་པའི་འགོ་ཁྲིད་ལས་བྱེད་པས་དྲིན་བསམ་ཡར་བརྩོན་བྱས་ཏེ། ཞིང་ཆེན་ཏང་ཨུའི་ལས་བྱེད་པས་སྒྲུབ་དགོས་པ་དང་། བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་དགོས་པའི་བླང་བྱ་ལག་བསྟར་ནན་མོ་བྱས་ནས། ལས་སྒྲུབ་ལས་གཏོད་ཀྱི་འགན་འཁྲིའི་འདུ་ཤེས་དང་ལས་འགན་གྱི་འདུ་ཤེས་མཐོར་འདེགས་གཏོང་དགོས། དོ་དམ་ནན་མོ་བྱེད་པ་དང་། རྩ་འཛུགས་དང་རང་ཉིད། བློ་མཐུན། མང་ཚོགས་བཅས་ལ་ལྟ་བ་ཡང་དག་འཛིན་དགོས་པ་དང་། མཐུན་སྒྲིལ་སྒོས་བྱ་བ་སྒྲུབ་ནས། རང་རྟོགས་སྒོས་ལྟ་སྐུལ་དང་ལེན་བྱེད་དགོས། སྤྱོད་གཙང་རྒྱུན་འཛིན་བྱེད་པ་དང་། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། སྤྱོད་གཙང་རང་གཅུན་དང་ཚད་ལྡན་སྒོས་དབང་ཆ་སྤྱོད་པའི་འདུ་ཤེས་མཐོར་འདེགས་གཏོང་བ་དང་། བྱ་བའི་ཕན་འབྲས་ལེགས་པོས་ཏང་དང་མི་དམངས་ཀྱི་ཡིད་ཆེས་དང་མངགས་བཅོལ་ལ་དྲིན་གཟོ་དགོས་པར་བསྟན།
ལས་འགན་གསར་དུ་ཁུར་བའི་འགོ་ཁྲིད་ལས་བྱེད་པས་ཚོགས་འདུའི་སྔོན་ལ་ཞིང་ཆེན་རུལ་སུངས་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་ཉེན་བརྡའི་སློབ་གསོའི་རྟེན་གཞིལ་ལྟ་སྐོར་བྱས་པ་དང་། ཏང་ནང་དུ་ཞུགས་པའི་དམ་བཅའ་ཡང་བསྐྱར་བཞག་ལ། ཉེན་བརྡའི་སློབ་གསོའི་གློག་བརྙན་ལ་བལྟས་པ་དང་། ཚོགས་འདུའི་སྟེང་སྤྱོད་གཙང་སྲིད་སྐྱོང་གི་དམ་བཅའི་ཡི་གེའི་སྟེང་མིང་བཀོད། ཚང་མས་གཅིག་གྱུར་སྒོས་བསྟན་དོན། རང་རྟོགས་སྒོས་སྤྱོད་གཙང་རང་གཅུན་གྱི་ཚད་གཞི་སྲུང་ཞིང་། ཏང་ལ་བློ་དཀར་བའི་ལག་བསྟར་མཁན་དང་། ལས་སྒྲུབ་ལས་གཏོད་ཀྱི་ཁྲིད་སྟོན་པ། སྒེར་སེམས་མེད་པར་གཞུང་དོན་སྒྲུབ་པའི་སྒྲིག་ལམ་བརྩི་མཁན། སྤྱོད་གཙང་སྲོལ་གཙང་གི་ཁྱིམ་སྲུང་བ་བཅས་བྱས་ནས། ཚང་མའི་སྣེ་ཁྲིད་དེ་སྤྱོད་གཙང་སྲོལ་གཙང་གི་ཆབ་སྲིད་ཀྱི་སྐྱེ་ཁམས་ཁོར་ཡུག་བསྐྲུན་དགོས།
ལྷ་མོ་འཚོས་བསྒྱུར།