ཀྲའོ་ལི་ཅི་ཡིས་ཁམ་ཕུ་ཁྲེ་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་དང་གྲོས་མོལ་གནང་།
2024.09.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 9

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚེས23ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཁམ་ཕུ་ཁྲེ་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་ཁུན་སའོ་ཏཱ་ལི་དང་གྲོས་མོལ་གནང་།

ཀྲའོ་ལི་ཅི་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཁམ་ཕུ་ཁྲེའི་འགོ་ཁྲིད་པའི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་གོ་དང་ཁམ་ཕུ་ཁྲེ་ཡི་ལས་སྐལ་གཅིག་མཐུན་ཚོགས་པའི་འཛུགས་སྐྲུན་དེ་སྤུས་ཚད་མཐོ་བ་དང་ཆུ་ཚད་མཐོ་བ། ཚད་གཞི་མཐོ་བའི་དུས་རབས་གསར་པར་སླེབས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁམ་ཕུ་ཁྲེ་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པའི་ཐུན་མོང་ངོས་འཛིན་གལ་ཆེན་ལག་བསྟར་བཟང་བོ་བྱས་ནས། ཕྱོགས་དྲུག་གི་མཉམ་ལས་སྒྲོམ་གཞིའི་ནང་དོན་མུ་མཐུད་འཐུས་ཚང་དུ་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འཛུགས་སྐྲུན་གཏིང་ཟབ་ཏུ་གཏོང་བར་སྐུལ་འདེད་གཏོང་འདོད་ཡོད།

ཀྲའོ་ལི་ཅི་ཡིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཁམ་ཕུ་ཁྲེ་རྒྱལ་ཁབ་དེ་ཉེ་འཁོར་ཕྱི་འབྲེལ་གྱི་དམིགས་བསལ་གོ་གནས་གལ་ཆེན་སྟེང་བཞག་ཡོད་པ་དང་། ཁམ་ཕུ་ཁྲེ་ཕྱོགས་དང་མཐོ་རིམ་འཐབ་ཇུས་འབྲེལ་བ་སྲུང་འཛིན་བྱས་ཏེ། ཕྱོགས་གཉིས་ཀྱི་སྲོག་ཤིང་ཁེ་ཕན་དང་འབྲེལ་བའི་གནད་དོན་སྟེང་ཕན་ཚུན་ལ་རྒྱབ་སྐྱོར་བརྟན་པོ་བྱེད་རྒྱུ་ཡིན། མགྱོགས་མྱུར་སྒོས་འཕེལ་རྒྱས་འཐས་ཇུས་སྦྲེལ་མཐུད་ཡག་པོ་བྱས་ནས། ཆབ་སྲིད་དང་ཐོན་ནུས། ཞིང་ལས། ནུས་ཁུངས། བདེ་འཇགས། མི་གཞུང་བཅས་ཁྱབ་ཁོངས་ཆེན་པོ་དྲུག་གི་མཉམ་ལས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས། མཉམ་འབྲེལ་རྒྱལ་ཚོགས་དང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་མའི་མནའ་འབྲེལ། ཁམ་ཕུ་ཁྲེ་དང་མེ་ཀོང་གཙང་པོའི་མཉམ་ལས་སོགས་སྟེགས་བུ་མང་པོའི་མཐུན་སྦྱོར་གཞོག་འདེགས་ལ་ཤུགས་སྣོན་བྱས་ནས། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་རྒྱལ་ཁབ་མནའ་འབྲེལ་གྱི་ཞི་བདེ་དང་བདེ་འཇགས། དར་རྒྱས། མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་ཤིག་མཉམ་དུ་བསྐྲུན་འདོད་ཡོད།

ཀྲའོ་ལི་ཅི་ཡིས་ནན་གྱིས་བསྟན་དོན། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་ཁམ་ཕུ་ཁྲེ་ཡི་ཁྲིམས་འཛུགས་ལས་ཁུངས་དང་མཉམ་དུ་འབད་པ་བྱས་ནས། ཁ་གཏད་བརྗེ་རེས་ལམ་ལུགས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། ཆེད་དོན་ཨུ་ཡོན་ལྷན་ཁང་དང་མཛའ་འབྲེལ་ཚན་ཆུང་། དམངས་ཆེན་འཐུས་མི་དང་གྲོས་མི། ས་གནས་ཀྱི་ཁྲིམས་འཛུགས་ལས་ཁུངས་ཀྱི་མཉམ་ལས་ལ་མུ་མཐུད་དུ་གཅིག་གྱུར་སྐུལ་འདེད་བཏང་ནས། ཁྲིམས་འཛུགས་དང་ལྟ་སྐུལ་སོགས་ཀྱི་བྱ་བའི་ཉམས་མྱོང་བརྗེ་རེས་ལ་ཤུགས་བསྣན་ཏེ། རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་ལ་བཅའ་ཁྲིམས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་འདོད།

ཀྲའོ་ལི་ཅི་ཡིས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་དང་འབྲེལ་བའི་གནས་ཚུལ་མཚམས་སྦྱོར་བྱས། ཁོས་བསྟན་དོན། རྒྱལ་ཁབ་གཉིས་ཀྱིས་རང་རྒྱལ་ཁབ་དང་མཚམས་པའི་དམངས་གཙོའི་ཆབ་སྲིད་ལམ་ལུགས་གདམ་གསེས་བྱས་ཡོད། ཕྱོགས་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་ཀྱིས་དམངས་གཙོ་འཕེལ་རྒྱས་དང་ཁྲིམས་སྐྱོང་འཐུས་ཚང་སོགས་ཀྱི་ཐད་བསམ་བློ་བརྗེ་རེས་དང་ཕན་ཚུན་དཔྱད་གཞི་འཛིན་རྒྱུར་ཤུགས་སྣོན་དགོས།

ཁུན་སའོ་ཏཱ་ལི་ཡིས་བསྟན་དོན། ཁམ་ཕུ་ཁྲེ་ཡིས་བློ་བརྟན་འགྱུར་མེད་སྒོས་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱེད་རྒྱུ་ཡིན་པ་དང་། ཧུར་ཐག་གིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱུད་གཅིག་ལམ་གཅིག་གི་གྲོས་འགོ་དང་འཛམ་གླིང་གི་གྲོས་འགོ་ཆེན་པོ་གསུམ་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན། ཁམ་ཕུ་ཁྲེ་རྒྱལ་ཁབ་ཀྱིས་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་བར་གྱི་མཛའ་མཐུན་འགྲོ་འོང་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་བར་ཡར་སྐུལ་བྱེད་ཆེད་ཧུར་ཐག་གིས་བྱས་རྗེས་འཇོག་རྒྱུ་ཡིན།

གྲོས་མོལ་མཇུག་བསྒྲིལ་རྗེས། ཀྲའོ་ལི་ཅི་དང་ཁུན་སའོ་ཏཱ་ལི་ཡིས་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་དང་ཁམ་ཕུ་ཁྲེའི་རྒྱལ་ཚོགས་ཀྱི་མཉམ་ལས་གྲོས་མཐུན་སྟེང་མཉམ་དུ་མིང་བཀོད།

ཞུའེ་ཁི་ལའེ་ཐིས·ཀྲ་ཁི་ཨར་གོང་གསལ་བྱེད་སྒོར་ཞུགས།

ཤ་བོ་རིན་མཚོས་བསྒྱུར།