མཚོ་སྔོན་ཞིང་ཆེན་གྱིས་དམངས་འཐུས་ཚོགས་ཆེན་བཙུགས་ནས་ལོ་བདུན་ཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་བསྡུས།
2024.09.24 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 15

 ཟླ9པའི་ཚེས23ཉིན། མཚོ་སྔོན་ཞིང་ཆེན་གྱིས་དམངས་འཐུས་ཚོགས་ཆེན་བཙུགས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད།   ཁོས་ནན་གྱིས་བསྟན་དོན།    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམངས་འཐུས་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་དང་། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་བཙུགས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ།  བརྒྱུད་རིམ་ཡོངས་ཀྱི་མི་དམངས་དམངས་གཙོ་འཕེལ་རྒྱས་སུ་གཏོང་བར་དམིགས་པ་དང་།  གཡོ་འགུལ་སྤུ་ཙམ་ཡང་མེད་པར་དམངས་འཐུས་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་ཡག་པོ་དང་འཐུས་ཚང་ཡག་པོ། འཁོར་སྐྱོད་ཡག་པོ་བཅས་བྱས་ནས།  ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་སྤེལ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་ཆེད་དམངས་འཐུས་ཚོགས་ཆེན་གྱི་བྱས་རྗེས་འཇོག་དགོས།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ།  ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་ཚོགས་འདུར་ཞུགས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝང་ལིས་མེན་གྱིས་ཚོགས་འདུར་འགོ་འཛིན་བྱས།

ཁྲིན་ཀང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་དམངས་འཐུས་ ཚོགས་ཆེན་བཙུགས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གཏིང་ཟབ་ཅིང་སྐུལ་ལྕག་ཐེབས་པ་ཞིག་ཡིན་ལ།  མར་ཁེ་སིའི་རིང་ལུགས་ཀྱི་བདེན་དོན་གྱི་འོད་སྟོང་འབར་བའི་རྩ་འཛིན་རང་བཞིན་གྱི་ཡིག་ཚགས་ཤིག་ཡིན་པས།  དུས་རབས་གསར་པའི་སྐྱོད་ལམ་གསར་པར་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ལ་ཚན་རིག་དང་མཐུན་པའི་མཛུབ་སྟོན་གནང་ཡོད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་ཟུང་འབྲེལ་དམ་པོ་བྱས་ཏེ། གཞི་གཅིག་ཏུ་སློབ་སྦྱོང་བྱེད་པ་དང་གོ་བ་ཟབ་མོ་བླངས་ནས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་དགོས།

ཁྲིན་ཀང་གིས་བསྟན་དོན། ལོ་ངོ70རིང་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ།    ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་དམངས་འཐུས་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་གི་འགོ་ཁྲིད་དང་། མི་དམངས་ཀྱི་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་དམ་པོ་ཡོང་བ་རྒྱུན་འཁྱོངས་དང་། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ཧུར་ཐག་གིས་འཕེལ་རྒྱས་བཏང་སྟེ། དམངས་གཙོ་ཁྲིམས་སྐྱོང་ལ་སྐུལ་འདེད་དང་། ཁྲིམས་ལྟར་ལྟ་སྐུལ་དོན་འཁྱོལ། མང་ཚོགས་ཀྱི་ཁེ་ཕན་ལ་འགན་སྲུང་། སྤྱི་ཚོགས་བཅོས་སྐྱོང་ལ་སྐུལ་འདེད་བཅས་བྱེད་པའི་ཐད་བྱས་རྗེས་ཆེན་པོ་བཞག་པ་དང་།  དངོས་སྒྲུབ་ཀྱི་སྙིང་སྟོབས་ལ་བརྟེན་ནས་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་དམངས་གཙོའི་ཁྲིམས་སྐྱོང་འཛུགས་སྐྲུན་ཐད་བྱས་རྗེས་གལ་ཆེན་བཞག་ཡོད།    སྐྱོད་ལམ་གསར་པའི་སྟེང་བཅོས་སྒྱུར་སྔར་ལས་ཕྱོགས་ཡོངས་ནས་ཟབ་སྤེལ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་སྤེལ་བར་ཤུགས་ཆེན་པོས་སྐུལ་འདེད་གཏོང་བར། ངེས་པར་དུ་དམངས་འཐུས་ཚོགས་ཆེན་གྱི་ལམ་ལུགས་བརྟན་སྲུང་དང་། བློ་རྩ་བརྟན་པོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་གཏོང་བའི་བགྲོད་ལམ་དུ་བསྐྱོད་དགོས།

ཁྲིན་ཀང་གིས་ནན་གྱིས་བསྟན་དོན། ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པའི་ཐད་འགན་ཁུར་ཕོད་པ་དང་བྱས་རྗེས་འཇོག་དགོས་ཤིང་། ཏང་གིས་དམངས་འཐུས་ཚོགས་ཆེན་གྱི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་དང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ཐད་བཏོན་པའི་བླང་བྱ་གལ་ཆེན་སྔར་ལས་ནུས་ལྡན་གྱི་སྒོ་ནས་དོན་འཁྱོལ་ཏན་ཏིག་བྱས་ཏེ།   དམངས་འཐུས་ཚོགས་ཆེན་གྱི་ལས་དོན་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་བརྒྱུད་ནས་མདུན་སྐྱོད་བྱེད་པར་ཁག་ཐེག་བྱེད་དགོས།   ཁྲིམས་ལྟར་འགན་འཁྲི་སྒྲུབ་པའི་ཐད་འགན་འཁྲི་ཕྲག་ཏུ་བླངས་ཏེ།  སྔར་ལས་བློ་རྩ་བརྟན་ཞིང་སྔར་ལས་རང་འགུལ་གྱི་སྒོ་ནས་རྒྱལ་ཡོངས་ཀྱི་ཁྱོན་ཡོངས་ཁྲོད་ཞུགས་པ་དང་དེར་ཞབས་འདེགས་ཞུ་བ། ཞིང་ཆེན་ཡོངས་ཀྱི་བཅོས་སྒྱུར་འཕེལ་རྒྱས་ཀྱི་དམིགས་འབེན་དང་ལས་འགན་ལ་དམ་པོར་དམིགས་པ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ལག་ལེན་རྣམ་དག་བཅས་བྱས་ཏེ། ཁྲིམས་སྐྱོང་གིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་ཚད་གཞི་དང་འགན་སྲུང་གི་ནུས་པ་འདོན་སྤེལ་བྱེད་དགོས། མང་ཚོགས་དང་འབྲེལ་འདྲིས་དམ་ཟབ་བྱེད་པའི་ཐད་འགན་འཁྲི་ཕྲག་ཏུ་བླངས་ཏེ། རང་འགུལ་ངང་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་བ་དང་།  དམངས་འཐུས་ཚོགས་ཆེན་གྱི་འཐུས་མིའི་ནུས་པ་གཙོ་བོ་འདོན་སྤེལ་ལེགས་པོ་བྱེད་པ། ཏང་ཨུ་དང་སྲིད་གཞུང་གིས་མང་ཚོགས་དང་འབྲེལ་གཏུག་བྱེད་པའི་ཟམ་པ་ཡག་པོ་བྱེད་པ། འཐུས་མིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པར་རྒྱབ་སྐྱོར་དང་འགན་ལེན་བཅས་བྱེད་དགོས།  དམངས་འཐུས་ཚོགས་ཆེན་གྱི་ལས་དོན་ལ་ཤུགས་སྣོན་དང་ཇེ་ལེགས་སུ་གཏོང་བའི་ཐད་འགན་འཁྲི་ཕྲག་ཏུ་བླངས་ཏེ། རྒྱུན་སྲིང་ལྷོད་མེད་སྒོས་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པ་དང་། མི་དམངས་ལ་ཞབས་འདེགས་ཞུ་བ། ཁྲིམས་སྐྱོང་གོང་བཀུར་བྱེད་པ། དམངས་གཙོ་དར་སྤེལ་བྱེད་པ།  འགན་འཁྲི་གཙང་སྒྲུབ་བྱེད་པ་བཅས་ཀྱི་དམངས་འཐུས་ཚོགས་ཆེན་གྱི་བྱ་བའི་དཔུང་སྡེ་ཞིག་བསྐྲུན་དགོས། རིམ་པ་སོ་སོའི་ཏང་ཨུས་དམངས་འཐུས་ཚོགས་ཆེན་གྱི་བྱ་བར་འགོ་ཁྲིད་བྱེད་པར་དངོས་གནས་ཤུགས་སྣོན་དང་ལེགས་བཅོས་བྱས་ཏེ། དམངས་འཐུས་ཚོགས་ཆེན་གྱི་བྱ་བར་ཁོར་ཡུག་དང་ཆ་རྐྱེན་བཟང་པོ་ཞིག་བསྐྲུན་དགོས། རིམ་པ་སོ་སོའི་སྲིད་གཞུང་དང་། ལྟ་ཞིབ་ཨུ་ཡོན་ལྷན་ཁང་། ཁྲིམས་ཁང་། ཞིབ་དཔྱོད་ཁང་བཅས་ཀྱིས་དམངས་འཐུས་ཚོགས་ཆེན་གྱི་ལམ་ལུགས་འདུ་ཤེས་དངོས་སུ་ཇེ་དྲག་ཏུ་གཏོང་བ་དང་།  དམངས་འཐུས་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འགན་ནུས་སྒྲུབ་པར་རང་འགུལ་ངང་གཞོགས་འདེགས་ལེགས་པོ་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱིས་དམངས་འཐུས་ཚོགས་ཆེན་གྱི་བྱ་བར་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་པའི་རྣམ་པ་བཟང་པོ་མཉམ་དུ་བསྐྲུན་དགོས།

ཝང་ལིས་མེན་གྱིས་ཚོགས་འདུར་འགོ་འཛིན་བྱེད་སྐབས་བསྟན་དོན། ཐེངས་འདིའི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམངས་འཐུས་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་ཟུང་འབྲེལ་བྱས་ཏེ།   ལངས་གནས་དང་ཚད་གཞི་མཐོ་བའི་སྒོ་ནས་ཁྲིམས་འཛུགས་དང་། ལྟ་སྐུལ།  གཏན་འབེབས།  བསྐོ་འཐེན། འཐུས་མི་སོགས་ཀྱི་ལས་དོན་སྣ་ཚོགས་ལ་སྐུལ་འདེད་གཏོང་བ་དང་།  དམངས་འཐུས་ཚོགས་ཆེན་གྱི“ལས་ཁུངས་བཞི”འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། མི་དམངས་མང་ཚོགས་དང་འབྲེལ་འདྲིས་དམ་ཟབ་བྱེད་པ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་མཚོ་སྔོན་གྱི་ལག་ལེན་ཧུར་ཐག་གིས་འཕེལ་རྒྱས་ གཏོང་བ་དང་ལག་བསྟར་བྱེད་པ།   བཅོས་སྒྱུར་གསར་སྐྲུན་གྱི་སྙིང་སྟོབས་དང་།“ལས་བྱེད་པས་སྒྲུབ་དགོས་པ་དང་། བསམ་ཕྱོགས་གསལ་དགོས་པ། རང་གཅུན་དམ་དགོས་པ་བཅས”ཀྱི་བྱ་བའི་བླང་བྱ་གཞིར་བཟུང་ནས།    རང་ཞིང་གི་དམངས་འཐུས་ཚོགས་ཆེན་གྱི་བྱ་བ་དུས་བསྟུན་མདུན་སྐྱོད་དང་འཐུས་ཚང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་སྟེ།  མཚོ་སྔོན་གྱི་ས་གཞི་ཆེན་པོའི་ལག་ལེན་ཁྲོད་དམངས་འཐུས་ཚོགས་ཆེན་གྱི་ལམ་ལུགས་ལ་སྔར་ལས་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པར་བྱེད་དགོས།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ།  ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ཁྲིམས་ཁང་། ཞིང་ཆེན་ཞིབ་དཔྱོད་ཁང་། ཞིང་ཆེན་དམག་ཁུལ།  དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱི་ཁྱབ་རུ་ཁག མཚོ་སྔོན་དུ་སྡོད་པའི་དམག་དཔུང་བཅས་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན།  ཟི་ལིང་དུ་ཡོད་པའི་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་རེ་རེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་བཅས་ཚོགས་འདུར་ཞུགས།

ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ་དང་། ཞིང་ཆེན་ཏང་ཨུའི་པུའུ་ཨུ་སོ་སོ།  ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ། མི་དམངས་ཚོགས་པ་སོ་སོ། མང་ཚོགས་ཚོགས་པ་དང་དམངས་གཙོའི་ཏང་ཁག་བཅས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ་དང་།   མཚོ་སྔོན་དུ་ཡོད་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་ཁ་ཤས་དང་གྲོང་ཁྱེར(ཁུལ)དང་། རྫོང(གྲོང་ཁྱེར་དང་ཆུས)ཡུལ་ཚོ་བཅས་རིམ་པ་གསུམ་གྱི་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོའི་ཁོངས་མི།  གྲོང་ཁྱེར(ཁུལ)དང་རྫོང(གྲོང་ཁྱེར་དང་ཆུས)དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་ལས་ཁུངས་ཀྱི་ལས་བྱེད་པ་ཡོངས་བཅས་ཚོགས་འདུར་ཞུགས།

ཚོགས་འདུ་མ་འཚོགས་གོང་འབྲེལ་ཡོད་ཞིང་ཆེན་གྱི་འགོ་ཁྲིད་དང་ཚོགས་ཞུགས་མི་སྣ་ཁག་གཅིག་གིས་མཚོ་སྔོན་དམངས་འཐུས་ཚོགས་ཆེན་གྱི་ལོ་རྒྱུས་འགྲེམས་སྟོན་ལ་བལྟས།

སྒྲོལ་མ་སྐྱིད་ཀྱིས་བསྒྱུར།