ཝང་ཧུའུ་ཉིང་གིས་ཁམ་ཕུ་ཁྲེའི་རྒྱལ་ཚོགས་ཀྱི་ཀྲུའུ་ཞིར་མཇལ་འཕྲད་གནང་།
2024.09.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 7

ཟླ9པའི་ཚེས24ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་པེ་ཅིང་དུ། ཁམ་ཕུ་ཁྲེའི་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་ཁུན་སུའོ་ཏ་ལིས་ལ་མཇལ་འཕྲད་གནང་།

ཝང་ཧུའུ་ཉིང་གིས་ཉེ་བའི་ལོ་འདི་དག་གི་རིང་ལ། རྒྱལ་ཁབ་གཉིས་ཀའི་འགོ་ཁྲིད་ཀྱི་འཐབ་ཇུས་སྣེ་ཁྲིད་འོག་ཏུ། ཀྲུང་གོ་དང་ཁམ་ཕུ་ཁྲེ་རྒྱལ་ཁབ་གཉིས་ཀས་མཉམ་དུ་ལག་གདང་སྦྲེལ་ནས་སྤུས་ཚད་མཐོ་ཞིང་ཆུ་ཚད་མཐོ་ལ། ཚད་གཞི་མཐོ་བ་བཅས་ཀྱི་དུས་རབས་གསར་པའི་རྒྱལ་ཁབ་གཉིས་ཀའི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁམ་ཕུ་ཁྲེ་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀའི་འགོ་ཁྲིད་པའི་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱས་ནས། ཀྲུང་གོ་དང་ཁམ་ཕུ་ཁྲེའི་མཛའ་མཐུན་འབྲེལ་བ་རྒྱུན་ཆད་མེད་པར་ཇེ་བརྟན་དུ་གཏོང་འདོད་ཡོད། ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཁམ་ཕུ་ཁྲེའི་བར་གྱི་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ནས། ཀྲུང་གོ་དང་ཁམ་ཕུ་ཁྲེའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་ལ་འཕེལ་རྒྱས་སྔར་ལས་ཆེན་པོ་ཡོང་བར་སྐུལ་འདེད་གཏོང་ཆེད་བྱས་རྗེས་གང་ལེགས་འཇོག་འདོད་ཡོད་ཅེས་གསུངས།

ཁུན་སུའོ་ཏ་ལིས་ཀྱིས་ཁམ་ཕུ་ཁྲེ་དང་ཀྲུང་གོའི་བར་མཛའ་མཐུན་ལོ་རྒྱུས་ཡུན་རིང་ལྡན། ཉེ་བའི་ལོ་འདི་དག་གི་རིང་ལ། རྒྱལ་ཁབ་གཉིས་ཀའི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པའི་ལས་དོན་ལ་འཕེལ་རྒྱས་ཆེན་པོ་བྱུང་ནས། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་མིག་མཐོང་ལག་ཟིན་གྱི་ཕན་པ་དངོས་ཐོབ་ཡོད། ཁམ་ཕུ་ཁྲེ་ཕྱོགས་ཀྱིས་ཀྲུང་གོའི་རྒྱལ་ཁབ་བཅོས་སྐྱོང་དང་འཕེལ་རྒྱས་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པར་བརྩི་འཇོག་དང་ཡིད་སྨོན་ཆེན་པོ་བྱེད་ཀྱིན་ཡོད། ཀྲུང་གོ་ཕྱོགས་ཀྱི་ཉམས་མྱོང་དཔྱད་གཞིར་བཟུང་ནས། ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་བར་གྱི་མཛའ་མཐུན་འགྲོ་འོང་ལ་ཤུགས་སྣོན་པ་དང་། ཆེད་དོན་ཨུ་ཡོན་ལྷན་ཁང་གི་བརྗེ་རེས་ལ་སྐུལ་འདེད་གཏོང་བ། ཕྱོགས་གཉིས་ཀས་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་རྒྱབ་སྐྱོར་བཅས་བྱས་ཏེ། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་འཕེལ་རྒྱས་སྔར་ལས་ཆེན་པོ་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།

ཧུའུ་ཁྲུན་ཧྭ་དང་ཝང་ཏུང་ཧྥུན་སོགས་མཇལ་འཕྲད་ཁྲོད་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།