ཟླ9པའི་ཚེས23ཉིན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཐེངས་ལྔ་པའི“ དམངས་ཆེན་འཐུས་མིའི་གླེང་སྟེགས”ཞིང་ཆེན་གྲོས་ཚོགས་ལྟེ་གནས་ཁུ་ནུ་ཚོམས་ཁང་དུ་བསྡུས། རྒྱལ་ཡོངས་དང་། ཞིང་ཆེན། གྲོང་ཁྱེར། རྫོང་། ཡུལ་ཚོ་བཅས་རིམ་པ་ལྔའི་དམངས་ཆེན་འཐུས་མི་མཉམ་དུ་འཛོམས་ནས། དམངས་འཐུས་ཚོགས་ཆེན་གྱི་ལམ་ལུགས་ཀྱི་གསོན་ཉམས་དང་གསོན་ཤུགས་སྐོར་གླེང་བ་དང་། ལས་སྒྲུབ་ཀྱི་གཏམ་རྒྱུད་བརྗོད་པ་བརྒྱུད་འཐུས་མིའི་ཉམས་འགྱུར་མངོན་པ་དང་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་མཚོ་སྔོན་དུ་འཕེལ་རྒྱས་དང་ལག་བསྟར་བྱས་ཚུལ་མངོན་པར་བྱས།
ཤེས་རྟོགས་བྱུང་བ་ལྟར་ན། ཐེངས་འདིའི་འཐུས་མིའི་གླེང་སྟེགས་ཀྱི་བྱེད་སྒོ་ནི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་བཙུགས་ནས་ལོ70འཁོར་བ་དང་ས་གནས་དམངས་འཐུས་ཚོགས་ཆེན་གྱིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་བཙུགས་ནས་ལོ45འཁོར་བར་དྲན་གསོ་ཞུ་བའི་བྱ་འགུལ་རབ་དང་རིམ་པའི་གྲས་ཤིག་ཡིན་ཞིང་། དེའི་དམིགས་ཡུལ་ནི་རང་ ཞིང་གི་དམངས་འཐུས་ཚོགས་ཆེན་གྱི་འཕེལ་རྒྱས་བརྒྱུད་རིམ་དང་། བྱ་བའི་གྲུབ་འབྲས། ཉམས་མྱོང་གཙོ་བོ་བཅས་ལ་ཕྱོགས་ཡོངས་ནས་ཕྱིར་དྲན་དང་ཕྱོགས་བསྡོམས་བྱེད་པ་དང་། དམངས་འཐུས་ཚོགས་ཆེན་ལམ་ལུགས་ཀྱི་གྲུབ་འབྲས་མངོན་གསལ་དང་དགེ་མཚན་ལྡན་པའི་ཕན་ནུས་གསོན་ཉམས་ལྡན་པའི་ངང་འཆད་འགྲེལ་བྱེད་པ། ལམ་ལུགས་ཀྱི་རང་རྟོན་ཇེ་བརྟན་དུ་གཏོང་བ་བཅས་བྱས་ཏེ། ཁྲིམས་ལྟར་དམངས་ཀྱི་དོན་དུ་འགན་འཁྲི་སྒྲུབ་པའི་ཐད་སྔར་ལས་བྱས་རྗེས་ཆེན་པོ་འཇོག་རྒྱུ་དེ་རེད།
རིམ་པ་སོ་སོའི་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་བཙུགས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། མཚོ་སྔོན་ཞིང་ཆེན་གྱིས་དམངས་འཐུས་ཚོགས་ཆེན་བཙུགས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་བཏོན་པའི་ བྱེ་བྲག་གི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། དམངས་འཐུས་ཚོགས་ཆེན་གྱི་ལས་དོན་གྱི་ཁ་ཕྱོགས་ཆེན་པོ་དང་། རྩ་དོན་ཆེན་པོ། གནས་ལུགས་ཆེན་པོ་བརྟན་སྲུང་བཅས་བྱས་ཏེ། དམངས་འཐུས་ཚོགས་ཆེན་གྱི་ལམ་ལུགས་མཚོ་སྔོན་དུ་རྒྱུན་འཁྱོངས་ཡག་པོ་དང་། འཐུས་ཚང་ཡག་པོ། འཁོར་སྐྱོད་ཡག་པོ་བཅས་བྱེད་པ་དང་། བརྟན་ཐོག་ཡར་འཕེལ་གྱི་ཁྲོད་དམངས་འཐུས་ཚོགས་ཆེན་གྱི་ལས་དོན་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་སྤེལ་བར་སྐུལ་འདེད་གཏོང་ཆེད་དམངས་འཐུས་ཚོགས་ཆེན་གྱི་བློ་གྲོས་དང་འཐུས་མིའི་སྟོབས་ཤུགས་སྔར་ལས་ལེགས་པའི་བྱས་རྗེས་འཇོག་རྒྱུ་ཡིན་ཟེར།
སྒྲོལ་མ་སྐྱིད་ཀྱིས་བསྒྱུར།