ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་ཚེས24ཉིན་གྱི་སྔ་དྲོར་ཀོང་ཞི་ནན་ཉིན་དུ་སྐབས21པའི་ཀྲུང་གོ་དང་ཨ་ཤེ་ཡ་ཤར་ལྷོའི་རྒྱལ་ཁབ་མནའ་འབྲེལ་གྱི་འགྲེམ་སྟོན་འདུ་ཚོགས་དང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་རྒྱལ་ཁབ་མནའ་འབྲེལ་གྱི་ཚོང་དོན་དང་དངུལ་གཏོང་རྩེ་ཚོགས་ཀྱི་འགོ་རྩོམ་མཛད་སྒོར་ཞུགས་ནས་ཤིས་ཚིག་ཕུལ།
ཟླ9པའི་ཚེས24ཉིན་གྱི་སྔ་དྲོ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་ཀོང་ཞི་ནན་ཉིན་དུ་སྐབས21པའི་ཀྲུང་གོ་དང་ཨ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་འགྲེམ་སྟོན་འདུ་ཚོགས་དང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཚོང་དོན་དང་དངུལ་གཏོང་རྩེ་ཚོགས་ཀྱི་འགོ་རྩོམ་མཛད་སྒོར་ཞུགས་ནས་ཤིས་ཚིག་ཕུལ།
ཏེན་ཞུའེ་ཞང་གིས་བསྟན་དོན། ཀྲུང་གོ་དང་ཨ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་བར་གྱི་མཛའ་མཐུན་འབྲེལ་བའི་རྒྱུན་རིང་ལ། ཁྱིམ་མཚེས་བཟང་པོ་དང་གྲོགས་པོ་བཟང་པོ། ཟླ་གྲོགས་བཟང་པོ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས2021ལོའི་ཟླ11པར་ཀྲུང་གོ་དང་ཨ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་བར་གྲོས་མོལ་འབྲེལ་བ་བཙུགས་ནས་ལོ་སུམ་ཅུ་འཁོར་བའི་རྗེས་དྲན་རྩེ་ཚོགས་སྟེང་། ཞི་བདེ་དང་བདེ་འཇགས། དར་རྒྱས། མཛེས་སྡུག མཛའ་མཐུན་བཅས་ཀྱི་ཁྱིམ་གཞིས་ཆེན་པོ་ལྔ་མཉམ་དུ་འཛུགས་སྐྲུན་བྱེད་རྒྱུ་བཏོན་པ་དང་། ཨ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་འགོ་ཁྲིད་དང་མཉམ་དུ་ཕྱོགས་ཡོངས་ནས་འཐབ་ཇུས་གྲོགས་པའི་འབྲེལ་བ་བཙུགས་པ་ཁྱབ་བསྒྲགས་གནང་། ཀྲུང་གོ་དང་ཨ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་ཐོག་མཐའ་བར་གསུམ་དུ་ལག་གདང་སྦྲེལ་ནས་མདུན་དུ་སྐྱོད་པ་དང་། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁོངས་མཉམ་ལས་ཁྲོད་ཆེས་ལེགས་འགྲུབ་བྱུང་ཡོད་པ་དང་ཆེས་གསོན་ཤུགས་ལྡན་པའི་དཔེ་མཚོན་དུ་གྱུར་ཡོད་ལ། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པར་སྐུལ་འདེད་བྱེད་པའི་དཔེ་མཚོན་དུ་གྱུར་ཡོད།
ཏེན་ཞུའེ་ཞང་གིས་བསྟན་དོན། ཀྲུང་གོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད་པས་འཛམ་གླིང་ལ་གོ་སྐབས་ཧ་ཅང་མང་པོ་སྩོལ་ངེས། ང་ཚོས་མཛའ་བརྩེ་དང་ལྷག་བསམ་ཟོལ་མེད། གཉིས་ཕན། ཁོང་ཡངས་བཅས་ཀྱི་འདུ་ཤེས་མུ་མཐུད་དུ་ལག་བསྟར་བྱས་ནས། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་བར་གྱི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། སྔར་ལས་གཏིང་ཟབ་པའི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ལས་སྐལ་གཅིག་མཐུན་ཚོགས་པའི་ལེའུ་གསར་པ་རྩོམ་འདོད་ཡོད། གཅིག འཐབ་ཇུས་ཀྱི་ཡིད་ཆེས་དེ་མཐོ་ཚད་གསར་པའི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་དགོས། འཛམ་གླིང་འཕེལ་རྒྱས་ཀྱི་གྲོས་འགོ་དང་། འཛམ་གླིང་བདེ་འཇགས་ཀྱི་གྲོས་འགོ འཛམ་གླིང་དཔལ་ཡོན་གྱི་གྲོས་འགོ་བཅས་ལག་གདང་སྦྲེལ་ནས་དོན་འཁྱོལ་བྱེད་པ་དང་། འཕེལ་རྒྱས་ཀྱི་འཆར་འགོད་དང་སྦྲེལ་མཐུད་གཏིང་ཟབ་བྱས་ཏེ། སྤུས་ཚད་མཐོ་བའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”མཉམ་དུ་འཛུགས་སྐྲུན་བྱེད་པ་དང་། སྔར་ལས་ལེགས་པའི་སྒོ་ནས་ས་ཁུལ་དང་འཛམ་གླིང་དར་རྒྱས་བརྟན་བརླིང་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། གཉིས། སྒོ་འབྱེད་མཉམ་ལས་དེ་ཆུ་ཚད་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས། 《ས་ཁོངས་ཕྱོགས་ཡོངས་ཀྱི་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་གྲོས་ཆོད》སྤུས་ཚད་མཐོ་བའི་སྒོ་ནས་ལག་བསྟར་བྱས་ཏེ། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཉོ་འཚོང་ས་ཁུལ་གྱི3.0པར་གཞིའི་གྲོས་མོལ་སྔ་མོ་ནས་ལེགས་འགྲུབ་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་། ལམ་ལུགས་རྣམ་པའི་སྒོ་འབྱེད་བརྟན་པོའི་ངང་རྒྱ་ཆེར་བཏང་ནས། སྔར་ལས་བརྟན་ལ་ཐོགས་མེད་ཀྱི་ས་མཚམས་བརྒལ་བའི་ཐོན་ལས་ཕྲེང་འབྲེལ་དང་མཁོ་སྤྲོད་ཕྲེང་འབྲེལ་འཛུགས་དགོས། གསུམ། ཕྱོགས་ཡོངས་ཀྱི་ཕན་ཚུན་སྦྲེལ་མཐུད་ཀྱི་རྣམ་པ་གསར་པ་བསྐྲུན་དགོས། རྒྱལ་སྤྱིའི་སྐམ་ས་དང་མཚོ་སྟེང་ཉོ་འཚོང་གི་བགྲོད་ལམ་གསར་པ་ཆུ་ཚད་མཐོན་པོས་མཉམ་སྐྲུན་བྱེད་པ་དང་། དཔལ་འབྱོར་བར་ཁྱམས་གལ་ཆེན་དང་གཙོ་གནད་ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བ། “སྐམ་མཚོའི་གནམ་དྲའི”ཕྱོགས་བཞི་གཞི་གཅིག་གི་ཕན་ཚུན་སྦྲེལ་མཐུད་ཀྱི་དྲ་བ་འཛུགས་པ་བཅས་བྱ་དགོས། བཞི། ཚན་རྩལ་གསར་གཏོད་མཉམ་ལས་ཀྱི་ཁྱབ་ཁོངས་གསར་པ་རྒྱ་སྐྱེད་གཏོང་དགོས། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཚན་རྩལ་གསར་གཏོད་དང་མཐོར་འདེགས་འཆར་གཞི་ལག་བསྟར་བྱེད་པ་དང་། མཉམ་འབྲེལ་ཚོད་ལྟ་ཁང་སོགས་ཀྱི་སྟེགས་བུ་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ལག་རྩལ་སྤོ་སྒྱུར་ལྟེ་གནས་སོགས་རྐྱེན་སྲོལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱས་ཏེ། གསར་གཏོད་ཀྱི་གྲུབ་འབྲས་སྔར་ལས་མང་པོས་ཕྱོགས་གཉིས་ཀྱི་མི་དམངས་ལ་ཕན་ཐོགས་པ་བྱེད་དགོས། ལྔ་ནི་མང་ཚོགས་ཕན་ཚུན་རྒྱུས་མངའ་ཡོད་པ་དང་མཛའ་མཐུན་གྱི་རྣམ་པ་གསར་པ་སྐྱེད་སྲིང་བྱེད་དགོས། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་བར་གྱི་མི་གཞུང་རིག་གནས་བརྗེ་རེས་ལོ་དེ་གོ་སྐབས་སུ་བྱས་ནས། རིག་གནས་དང་ཡུལ་སྐོར། གསོ་སྦྱོང་། ན་གཞོན་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་སྔར་ལས་གཏིང་ཟབ་ཏུ་གཏོང་བ་དང་། “ཆུང་ལ་མཛེས་སྡུག་ལྡན་པའི”དམངས་འཚོའི་ལས་གཞི་སྔར་ལས་མང་པོ་བསྐྲུན་ནས། ཕྱོགས་གཉིས་ཀྱི་འབྲེལ་བའི་དམངས་འདོད་རྨང་གཞི་ཇེ་བརྟན་དུ་གཏོང་དགོས།
མཱ་ལེ་ཞི་ཡའི་ཙུང་ལི་ཨན་ཝ་ཨར་གྱིས་བརྙན་རིས་ཤིས་ཚིག་ཕུལ་བ་དང་། ཁམ་ཕི་ཁྲེ་ཡི་དབུ་བཞུགས་བློན་ཆེན་གཞོན་པའམ་ནེ་ཀི་གཞུང་སྒྲུབ་ཐིན་གྱི་བློན་ཆེན་ཝུན་སའེ་ཝེ་སའོ་དང་། ལའོ་ཝོ་ཡི་ཙུང་ལི་གཞོན་པ་ཅི་ཆའོ། ཡོ་ནན་གྱི་ཙུང་ལི་གཞོན་པའམ་ནོར་སྲིད་པུའུ་ཀྲང་ཧུའུ་ཏི་ཧྥུའུ། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོ་ཀའོ་ཅིན་ཧུང་སོགས་འགོ་རྩོམ་མཛད་སྒོར་ཞུགས་པ་མ་ཟད་ཤིས་ཚིག་ཕུལ།
དེའི་རྗེས་ཏེན་ཞུའེ་ཞང་གིས་འགྲེམ་སྟོན་འདུ་ཚོགས་འགོ་བརྩམས་པའི་ཁྱབ་བསྒྲགས་བྱས།
འགོ་རྩོམ་མཛད་སྒོ་མཇུག་བསྒྲིལ་རྗེས། ཏེན་ཞུའེ་ཞང་འགྲེམ་སྟོན་འདུ་ཚོགས་ཀྱི་འགྲེམ་ཁང་དུ་སྐོར་སྐྱོད་བྱས་ནས་འགྲེམ་ཚོགས་ནང་ཞུགས་མཁན་ལས་ཁུངས་ཀྱི་འགན་འཁུར་བ་དང་བསམ་ཚུལ་བརྗེ་རེས་བྱས།
ཤ་བོ་རིན་མཚོས་བསྒྱུར།