ཟླ9པའི་ཚེས24ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་འགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ནས། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ཤིང་། གསར་དུ་བཅོ་བཟོས་བྱས་པའི་སྲིད་འཛིན་བསྐྱར་གྲོས་བཅའ་ཁྲིམས་ལ་ཆེད་དོན་སློབ་སྦྱོང་བྱས་པར་མ་ཟད། ཞིང་ཆེན་ཏང་ཨུའི་བླང་བྱ་དངོས་འབེབས་དང་འབྲེལ་ཡོད་བྱ་བར་ཞིབ་འཇུག་བྱས།
གྲོས་ཚོགས་སྟེང་རང་ཞིང་གི་སྲིད་འཛིན་བསྐྱར་གྲོས་བྱ་བའི་སྙན་ཞུར་ཉན་པ་དང་། བཅའ་ཁྲིམས་སློབ་སྦྱོང་གི་ཆེད་དོན་འཆད་ཁྲིད་བྱ་བ་སྤེལ་ཏེ། ཁྲིམས་འཛིན་པུའུ་སྲིད་འཛིན་བསྐྱར་གྲོས་དང་གཏུག་ལེན་ཅུའུ་ཡི་ཅུའུ་ཀྲང་ཀྲུའུ་ཡོན་ཧྲིན་གདན་དྲངས་ནས་ཟུར་ཁྲིད་སྙན་ཞུ་བྱས། གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲིད་འཛིན་བསྐྱར་གྲོས་བྱ་བའི་སྐོར་གྱི་མཛུབ་སྟོན་དགོངས་དོན་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། སྲིད་འཛིན་བསྐྱར་གྲོས་བཅའ་ཁྲིམས་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱ་བ་དམ་འཛིན་དངོས་གཉེར་བྱེད་དགོས་ཤིང་། སྲིད་འཛིན་བསྐྱར་གྲོས་བྱ་བའི་སྤུས་འདེགས་རིམ་འཕར་ལ་སྔར་ལས་ཤུགས་སྣོན་དང་། སྲིད་འཛིན་བསྐྱར་གྲོས་བྱ་བའི་འགན་སྲུང་ཤུགས་དྲག་ཏུ་བཏང་ནས། མི་དམངས་མང་ཚོགས་ཀྱི་བཅའ་ཁྲིམས་ཐད་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་སྣང་བཅས་སྔར་ལས་ཇེ་མང་དུ་གཏོང་བ་དང་། སྔར་ལས་འགན་སྲུང་ཡོད་ཅིང་རྒྱུན་མཐུད་ཐུབ་པར་བྱེད་དགོས་པ་ནན་གྱིས་བསྟན།
གྲོས་ཚོགས་སྟེང་མཚོ་སྔོན་ཞིང་ཆེན་གྱི་བཟོ་ལས་ལྗང་མདོག་ཚུལ་སྒྱུར་ལ་སྐུལ་འདེད་གཏོང་བའི་ལག་བསྟར་ཇུས་གཞི་དང་། མཚོ་སྔོན་ཞིང་ཆེན་གྱི་བཟོ་བསྐྲུན་ལས་རིགས་གཞི་གྲངས་ཅན་དུ་ཚུལ་སྒྱུར་བྱེད་པའི་འགུལ་སྐྱོད་ཇུས་གཞིར་གྲོས་ཞིབ་བྱས་ནས་རྩ་དོན་ཐོག་གྲོས་འཆམ་བྱུང་། གྲོས་ཚོགས་ལས་བློ་བརྟན་འགྱུར་མེད་སྒོས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་གྲོན་ཆུང་། ལེགས་སྡུས་ཞིབ་གཉེར། ལྗང་མདོག་ཐཱན་ཉུང་བཅས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་བགྲོད་ལམ་སྟེང་བསྐྱོད་དེ། ཐོན་ལས་སྒྲིག་གཞི་དང་ནུས་ཁུངས་འཛད་སྤྱོད། ནུས་ཁུངས་བེད་སྤྱོད། ཐོན་སྐྱེད་བརྒྱུད་རིམ། ཐོན་རྫས་མཁོ་འདོན། བཟོ་བསྐྲུན་བརྒྱུད་རིམ་སོགས་ལས་རིམ་ཁག་ལྗང་མདོག་ཅན་དང་ཐཱན་ཉུང་ཅན། གཞི་གྲངས་ཅན་དུ་ཚུལ་སྒྱུར་བྱེད་པར་སྐུལ་འདེད་མགྱོགས་པོ་བཏང་ནས། གསར་དར་བཟོ་ལས་ཅན་གྱི་སྐྱེ་ཁམས་རྨང་གཞི་བརྟན་པོར་འཛུགས་དགོས། རབས་གསར་པའི་ཆ་འཕྲིན་ལག་རྩལ་དང་བཟོ་བསྐྲུན་ལས་རིགས་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་རྒྱུ་ཐབས་ལམ་དུ་བྱས་ཏེ། བཟོ་ལས་མཉམ་འབྲེལ་དྲ་བའི་གསར་གཏོད་འཕེལ་རྒྱས་དང་དྲ་བའི་རྨང་གཞིའི་སྒྲིག་ཆས་ཀྱི་འཛུགས་སྐྲུན་འདེགས་སྐྱོར་དུ་བྱས་ཏེ། ཁེ་ལས་འཕེལ་རྒྱས་དང་ཐོན་ལས་ཚུལ་སྒྱུར་གྱི་དགོས་མཁོ་གཅིག་སྡུད་དང་། ཞིང་ཆེན་ཡོངས་ཀྱི་བཟོ་བསྐྲུན་ལས་རིགས་གཞི་གྲངས་ཅན་དུ་ཚུལ་སྒྱུར་བྱེད་ཚད་ཇེ་མགྱོགས་སུ་བཏང་ནས། གསར་དར་བཟོ་ལས་ཅན་ལ་སྐུལ་འདེད་གཏོང་བ་དང་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་ཆེད་སྒུལ་ཤུགས་སྟོབས་ལྡན་ཁ་སྣོན་བྱེད་དགོས་ཞེས་ནན་གྱིས་བསྟན།
གྲོས་ཚོགས་སྟེང་སྐྱེ་ཁམས་ཁོར་ཡུག་ཁག་བགོས་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་དང་། རང་བྱུང་ཐོན་ཁུངས་དམིགས་བསལ་ལྟ་སྐུལ་ཞིབ་བཤེར་གྱི་ཤེས་རྟོགས་གནད་དོན་དག་ཐེར་སོགས་ཀྱི་བྱ་བར་ཞིབ་འཇུག་བྱས། གྲོས་ཚོགས་ལས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་དམར་ཐིག་དང་། ཁོར་ཡུག་སྤུས་ཚད་ཀྱི་མཐའ་ཚད། ཐོན་ཁུངས་བེད་སྤྱོད་དང་སྐྱེ་ཁམས་ཁོར་ཡུག་གསལ་ཐོའི་ཁྲོད་འཇོག་པའི་སྐྱེ་ཁམས་ཁོར་ཡུག་ཁག་བགོས་དོ་དམ་ཚོད་འཛིན་མ་ལག་མུ་མཐུད་འཐུས་ཚང་དུ་བཏང་སྟེ། ཆུ་ཚད་མཐོན་པོའི་སྒོ་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱས་ཏེ་ལྗང་མདོག་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་བསྐྲུན་པ་དང་། མཛེས་པའི་མཚོ་སྔོན་འཛུགས་སྐྲུན་བྱ་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས། འགན་འཁྲི་ཁུར་ལེན་དང་བྱེད་ཐབས་ཇེ་ཞིབ་ཏུ་བཏང་སྟེ། རང་བྱུང་ཐོན་ཁུངས་དམིགས་བསལ་ལྟ་སྐུལ་ཞིབ་བཤེར་གྱི་ཤེས་རྟོགས་གནད་དོན་དག་ཐེར་བྱ་བ་ལེགས་པོར་སྒྲུབ་པ་དང་། ཡུན་ཕན་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། ཞིང་ཆེན་ཡོངས་ཀྱི་རང་བྱུང་ཐོན་ཁུངས་དོ་དམ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་བཏང་ནས། དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་གཏོང་ཆེད་འགན་སྲུང་ནུས་ཡོད་འདོན་སྤྲོད་བྱེད་དགོས་པ་ནན་གྱིས་བསྟན།
གྲོས་ཚོགས་སྟེང་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་དར་སྒྲེང་བའི་དོ་དམ་བཀོལ་སྤྱོད་གཏན་འབེབ་ལ་གྲོས་ཞིབ་བྱས་ཏེ་རྩ་དོན་ཐོག་གྲོས་འཆམ་བྱུང་།
གྲོས་ཚོགས་ལས་ད་དུང་དོན་དག་གཞན་པར་ཞིབ་འཇུག་བྱས།
རིག་འཛིན་སྒྲོལ་མས་བསྒྱུར།