ཟླ9པའི་ཚེས25ཉིན། དུས་རབས་གསར་པའི་བཅོས་སྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་གཏོང་བའི་གཞུང་ལུགས་བགྲོ་གླེང་ཚོགས་འདུ་པེ་ཅིང་དུ་འཚོགས།
ཚོགས་ཞུགས་ཆེད་མཁས་པ་ཚོས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སྔར་མེད་ཀྱི་ཆོད་སེམས་དང་ནུས་ཤུགས་ལ་བརྟེན་ནས། བཅོས་སྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་གཏོང་བ་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་བཏང་སྟེ། རང་རྒྱལ་གྱི་བཅོས་སྒྱུར་སྒོ་འབྱེད་རྣམ་པ་གསར་རྐྱང་བཏོད་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཟུང་འབྲེལ་གཉིས”རྒྱུན་འཁྱོངས་བྱས་ཏེ། བསམ་བློ་གསར་པ་དང་ལྟ་བ་གསར་པ། ཆོད་གཏམ་གསར་པ་བཅས་རབ་དང་རིམ་པ་གསར་གཏོད་རང་བཞིན་གྱི་སྒོ་ནས་དངོས་སུ་བཏོན་ཏེ། དུས་རབས་གསར་པའི་ནང་དུ། བཅོས་སྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་གཏོང་དགོས་དོན་གང་ཡིན་པ་དང་བཅོས་སྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་གཏོང་བ་ལ་སྐུལ་འདེད་ཇི་ལྟར་གཏོང་བ་སོགས་ཀྱི་གནད་དོན་གལ་ཆེན་ལ་ལན་གསལ་པོ་བསྐྱོན་ཡོད་པས། དེ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཟེར།
ཚོགས་ཞུགས་ཆེད་མཁས་པ་ཚོས་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཅོས་སྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་གཏོང་བའི་སྐོར་གྱི་དགོངས་པ་གསར་པ་དང་ལྟ་བ་གསར་པ། ཆོད་གཏམ་གསར་པ་བཅས་རབ་དང་རིམ་པར་སློབ་སྦྱོང་བྱས་ཏེ་གོ་བ་ལེན་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། བཅོས་སྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་བཏང་བར་བརྟེན་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཅན་ལ་སྒུལ་ཤུགས་ཆེན་པོ་སྣོན་པ་དང་ལམ་ལུགས་ཀྱི་འགན་ལེན་མཁོ་འདོན་བྱེད་དགོས་ཟེར།
བན་དེ་སྐྱབས་ཀྱིས་བསྒྱུར།