ཟླ9པའི་ཚེས24ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་གིས་ཀོང་ཞི་ནན་ཉིང་དུ་སྔ་རྗེས་སུ། ཀྲུང་གོར་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་རྒྱལ་ཁབ་མནའ་འབྲེལ་གྱི་འགྲེམ་སྟོན་འདུ་ཚོགས་སྐབས་ཉེར་གཅིག་པ་དང་། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་རྒྱལ་ཁབ་མནའ་འབྲེལ་གྱི་ཚོང་དོན་དང་དངུལ་གཏོང་རྩེ་ཚོགས་ལ་ཞུགས་པར་ཡོང་བའི་ཡོ་ནན་གྱི་ཙུང་ལི་གཞོན་པ་དང་ནོར་སྲིད་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་འཁུར་མཁན་ཧུའུ་ཏི་ཧྥུའུ་དང་། ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་གཞོན་པ་དང་ནང་བློན་གཞུང་སྒྲུབ་ཐིན་གྱི་བློན་ཆེན་གྱི་འགན་གཅིག་ལྕོགས་སུ་འཁུར་མཁན་ཝུང་སའེ་ཝའེ་སའོ། ལོའོ་ཝའོ་ཡི་ཙུང་ལི་གཞོན་པ་ཅི་ཆའོ་བཅས་ལ་མཇལ་འཕྲད་གནང་།
ཏེན་ཞུའེ་ཞང་གིས་ཧུའུ་ཏི་ཧྥུའུ་ལ་མཇལ་འཕྲད་གནང་སྐབས། ད་ལོའི་ཟླ8པར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོར་འཚམས་འདྲིར་ཡོང་བའི་ཡོ་ནན་རྒྱལ་ཁབ་ཀྱི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་སུའུ་ལུན་དང་གྲོས་མོལ་གནང་ནས། སྲོལ་རྒྱུན་མཛའ་མཐུན་རྒྱུན་འཛིན་དང་འཐབ་ཇུས་མཉམ་ལས་ཟབ་སྤེལ་གཏོངབའི་ཐད་ནས་ཕན་ཚུན་བར་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་བྱུང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཡོ་ནན་ཕྱོགས་དང་མཉམ་དུ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀའི་མཐོ་རིམ་གྱིས་གཏན་འཁེལ་བྱས་པའི་འཐབ་ཇུས་ཁ་ཕྱོགས་གཞིར་བཟུང་ནས། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་པ། རྨང་གཞིའི་སྒྲིག་ཆས་ཕན་ཚུན་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་བ། དཔལ་འབྱོར་ཚོང་དོན་དང་དངུལ་གཏོང་མཉམ་ལས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། དམངས་འདོད་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ་བཅས་བྱས་ཏེ། ཀྲུང་གོ་དང་ཡོ་ནན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་གཏིང་ཟབ་བྱེད་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།
ཧུའུ་ཏི་ཧྥུའུ་ཡིས་ཀྲུང་གོའི་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ཆེན་པོར་བསྟོད་བསྔགས་ཆེན་པོ་བྱས་པ་དང་། ཡོ་ནན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ། ཁྱབ་ཁོངས་སོ་སོའི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་བཏང་ནས། གྲུབ་འབྲས་སྔར་ལས་གང་མང་ཐོབ་པར་བྱེད་པ་དང་། རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་སྔར་ལས་ཆེན་པོ་བསྐྲུན་འདོད་ཡོད་ཅེས་བསྟན།
ཏེན་ཞུའེ་ཞང་གིས་ཝུང་སའེ་ཝའེ་སའོ་དང་མཇལ་འཕྲད་གནང་སྐབས། ཀྲུང་གོ་དང་ཁམ་ཕུ་ཁྲེ་ནི་བློས་ཐུབ་ཀྱི་གྲོགས་པོ་ཡིན། རྒྱལ་ཁབ་གཉིས་བར་དམིགས་བསལ་མཛའ་མཐུན་གྱི་ལོ་རྒྱུས་རིང་ལ་བརྟན་པོ་ཡོད་པ་དེའི་ནང་འགོ་ཁྲིད་པ་མི་རབས་དུ་མའི་སེམས་ཤུགས་འདུས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁམ་ཕུ་ཁྲེ་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀའི་འགོ་ཁྲིད་པའི་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་མཉམ་དུ་དོན་འཁྱོལ་བྱས་ཏེ། སྤུས་ཚད་མཐོ་བའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་ཁམ་ཕུ་ཁྲེ་ཡི་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་པ་དང་། ལྗང་མདོག་འཕེལ་རྒྱས་དང་གཞི་གྲངས་དཔལ་འབྱོར་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་སྐྱེད་གཏོང་བ། ཀྲུང་གོའི་དངུལ་གཏོང་ཁེ་ལས་ཁམ་ཕུ་ཁྲེ་རུ་སོང་ནས་མ་དངུལ་གཏོང་བ་དང་བྱ་གཞག་དར་སྤེལ་གཏོང་བར་སྐུལ་མ་གཏོང་བ། དམངས་ཕན་བཟོ་སྐྲུན་སྔར་ལས་གང་མང་ལག་བསྟར་བཅས་བྱས་ནས། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།
ཝུང་སའེ་ཝའེ་སུའོ་ཡིས་ཁམ་ཕུ་ཁྲེ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་མཛའ་མཐུན་སྲིད་ཇུས་ལག་བསྟར་ནན་མོ་བྱས་ཏེ། ཀྲུང་གོ་ཕྱོགས་དང་མཉམ་དུ་ཁམ་ཕུ་ཁྲེ་དང་ཀྲུང་གོའི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་སྐྲུན་བྱེད་འདོད་ཡོད་ཅེས་བསྟན།
ཏེན་ཞུའེ་ཞང་གིས་ཅི་ཆའོ་དང་མཇལ་འཕྲད་གནང་སྐབས། ཀྲུང་གོའི་ཏང་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ལོའོ་ཝའོ་འདི་ཉིད་མཐའ་འཁོར་ཕྱི་འབྲེལ་གྱི་གནས་བབ་གལ་ཆེན་སྟེང་བཞག་ནས། ཀྲུང་གོ་དང་ལོའོ་ཝའོ་ཡི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པར་གྲུབ་འབྲས་ཆེན་པོ་བླངས་ཡོད། ད་ལོ་ནི་ཀྲུང་གོ་དང་ལོའོ་ཝའོ་ཡི་བར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བ་བཙུགས་ནས་ལོ15འཁོར་བའི་ལོ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ལོའོ་ཝའོ་ཕྱོགས་དང་མཉམ་དུ། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་པའི་སྣེ་ཁྲིད་འོག་ཏུ། གོ་སྐབས་མཉམ་སྤྱོད་དང་ཐུན་མོང་འཕེལ་རྒྱས་དོན་གཉེར་བྱེད་པ། དཔལ་འབྱོར་ཚོང་དོན་དང་དངུལ་གཏོང་མཉམ་ལས་ལ་ཤུགས་སྣོན་པ། ལས་གཞི་གལ་ཆེན་འཛུགས་སྐྲུན་བྱེད་ཤུགས་ཇེ་མགྱོགས་སུ་གཏོང་བ། སྤུས་ཚད་མཐོ་བའི་སྒོ་ནས “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་ཚད་ཤིང་གསར་པ་གཏོད་པ་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ལ་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།
ཅི་ཆའོ་ཡིས་ལོའོ་ཝའོ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་མཐོང་ཆེན་གང་ལེགས་བྱེད་ཀྱིན་ཡོད། ཀྲུང་གོ་ཕྱོགས་དང་མཉམ་དུ། མཐོ་རིམ་བར་གྱི་མཉམ་འགུལ་ལ་ཤུགས་སྣོན་པ་དང་དངོས་སྒྲུབ་མཉམ་ལས་ཟབ་སྤེལ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་འབྲེལ་བ་མི་ཉམས་ཡུན་དུ་གནས་པར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།
བན་དེ་སྐྱབས་ཀྱིས་བསྒྱུར།