ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་པས་ཚན་ཆུང་མཉམ་འབྲེལ་གྲོས་ཚོགས་བསྡུས།
2024.09.26 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 12

ཟླ9པའི་ཚེས25ཉིན། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་པས་ཚན་ཆུང་མཉམ་འབྲེལ་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཕྱོགས་ཡོངས་ནས་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུའི་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཤིང་། རྨ་ཆུར་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས་དང་མཚོ་སྔོན་ཞིང་ཆེན་གྱི་ཙོང་ཆུའི་འབབ་རྒྱུད་ཀྱི་ཆུའི་སྦགས་བཙོག་བཅོས་སྐྱོང་སྲོལ་ཡིག་དོན་འཁྱོལ་གནས་ཚུལ་ལ་ཆེད་དོན་འདྲི་རྩད་བྱས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཝང་ལིས་མེན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད་པ་དང་། ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་རིན་གཞོན་པ་དབྱང་ཧྥིན་ཁྲུན་དང་། ཉི་མ་སྒྲོལ་མ། ཀྲུའུ་རིན་གཞོན་པ་ལིའུ་ཐུང་ཏི་དང་། ཀྲང་ཧོང་ཡོན།  དེ་མིན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྲོས་ཚོགས་ལ་ཞུགས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝང་ཅིན་ཀྲེ་ཡིས་གྲོས་ཚོགས་ལ་འགོ་འཛིན་བྱས། ཧྲིན་ཀྲང་གཞོན་པ་ཧི་ལིའུ་ཁྲུན་གྱིས་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་གཏམ་བཤད། 

ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། ཞིང་ཆེན་དམངས་ཆེན་གྱི་འཐུས་མི་བརྒྱད་ཀྱིས་མཚོ་སྔོན་ཞིང་ཆེན་གྱིས་རྨ་ཆུ་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས་དང་། ཙོང་ཆུའི་འབབ་རྒྱུད་ཀྱི་ཆུའི་སྦགས་བཙོག་བཅོས་སྐྱོང་སྲོལ་ཡིག་ལག་བསྟར་དོན་འཁྱོལ་བྱས་པའི་གནས་ཚུལ་འདྲི་རྩད་བྱས་ཤིང་། ཞིང་ཆེན་ཆུ་བེད་ཐིན་དང་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་སོགས་སྲིད་གཞུང་སྡེ་ཁག་བརྒྱད་ཀྱི་འགན་ཁུར་མི་སྣ་གཙོ་བོས་ཡུལ་དངོས་ནས་འདྲི་རྩད་བྱས།

གྲོས་ཚོགས་སྟེང་བསྟན་དོན། ཐེངས་འདིའི་ཆེད་དོན་འདྲི་རྩད་ཀྱིས་བརྗོད་དོན་གཙོ་བོར་དམིགས་ནས། དངོས་ཡོད་གནས་ཚུལ་ལྟར་དྲི་བ་དྲིས་ལན་བཏབ་པས། དམངས་ཆེན་ལྟ་སྐུལ་གྱི་དབང་གྲགས་མཚོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དེ་རྩ་བའི་གཞི་འཛིན་སར་བརྩིས་ནས། ཐོག་མཐའ་བར་གསུམ་དུ་རྒྱལ་དོན་གྱི་ཆེ་ཕྱོགས་ཡིད་ལ་དམ་པོར་འཛིན་པ་དང་། འགན་འཁྲི་ཁག་ཁུར་ལ་ཤུགས་སྣོན་པ། ལངས་གནས་སྔར་ལས་མཐོ་ཞིང་ཆོད་སེམས་སྔར་ལས་བརྟན་པོས་རྨ་ཆུའི་མཚོ་སྔོན་འབབ་རྒྱུད་དང་ཙོང་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ལ་ཤུགས་སྣོན་དགོས། ཁྲིམས་ལུགས་ཁྲིམས་སྲོལ་ལྟར། ཆུ་ཚད་མཐོ་བའི་སྲུང་སྐྱོབ་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རྨ་ཆུ་དལ་གྱིས་བཞུར་ཞིང་སྤྱི་ཚོགས་བརྟན་བརླིང་ཡོང་བར་ཁག་ཐེག་བྱེད་དགོས། ལྟ་སྐུལ་རྗེས་འདེད་བྱེད་པ་དང་། འདྲི་རྩད་ཡོད་ན་དྲིས་ལན་ཡོད་པ་དང་དྲིས་ལན་ཡོད་ན་ལྗང་མདོག་གི་འཕེལ་རྒྱས་གསར་བ་འབྱུང་བར་བྱས་ནས། ཞིང་ཆེན་ཡོངས་ཀྱི་མི་དམངས་རྣམས་ལ་རྒྱུགས་ལན་ཡག་པོ་ཞིག་སྤྲོད་དགོས།

ཞིང་ཆེན་སྲིད་གཞུང་གིས་ཆེད་དོན་འདྲི་རྩད་གོ་སྐབས་སུ་བརྩིས་ནས། ནུས་ཤུགས་ཡོད་རྒུས་བྱ་བ་དོན་འཁྱོལ་དམ་འཛིན་ཡག་པོ་བྱེད་པ་དང་། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད།

ལྷ་མོ་འཚོས་བསྒྱུར།