ཀྲུང་གོ་གུང་ཁྲན་ཏང་གི་ཕུལ་བྱུང་ཏང་ཡོན། ཡུན་རིང་ཉམས་སད་ཐེག་པའི་གུང་ཁྲན་རིང་ལུགས་ལ་བློ་དཀར་བའི་འཐབ་མོ་པ། རང་རྒྱལ་གྱི་སྲིད་ཁྲིམས་འཐབ་ཕྱོགས་ཀྱི་ཕུལ་བྱུང་འགོ་ཁྲིད་པ། ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་བཞི་པའི་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཟུར་པ། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་དགུ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ། ཆེས་མཐོ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཟུར་པ་བློ་མཐུན་རིན་ཅན་ཞིན་གྱི་སྐུ་གདུང་ཚེས25ཉིན་པེ་ཅིང་པཱ་པའོ་རི་བོའི་གསར་བརྗེ་སྤྱིའི་བང་སོ་ནས་སྦྱིན་སྲེག་བྱས།
བློ་མཐུན་རིན་ཅན་ཞིན་ལ་སྙུང་གཞི་ཕོག་ནས2024ལོའི་ཟླ9པའི་ཚེས21ཉིན་གྱི་ཆུ་ཚོད13དང་སྐར་མ33སྟེང་པེ་ཅིང་དུ་སྐུ་གཤེགས་པ་དང་དགུང་ལོ99རེད།
བློ་མཐུན་རིན་ཅན་ཞིན་ལ་སྙུང་གཞི་ཕོག་སྐབས་དང་སྐུ་གཤེགས་རྗེས་བློ་མཐུན་ཞི་ཅིན་ཕིང་དང་། ལིས་ཆང་། ཀྲའོ་ལི་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏེན་ཞུའེ་ཞང་། ལིས་ཞི། ཧན་ཀྲིན། ཧུའུ་ཅིན་ཐའོ་སོགས་སྨན་ཁང་དུ་གཟིགས་པར་ཕེབས་པའམ་ཡང་ན་ཐབས་གཞན་པར་བརྟེན་ནས་བློ་མཐུན་རིན་ཅན་ཞིན་སྐུ་གཤེགས་པར་གདུང་སེམས་ཆེན་པོས་མྱ་ངན་ཞུས་པར་མ་ཟད་ཁོང་གི་གཉེན་ཉེར་འཚམས་འདྲི་བྱས།
ཚེས25ཉིན་གྱི་སྔ་དྲོར། པཱ་པོ་རི་བོའི་གསར་བརྗེ་སྤྱིའི་བང་སོའི་ཚོམས་ཁང་དུ་སྐྱོ་གདུང་གི་རོལ་དབྱངས་དལ་བུར་གྲགས་བཞིན་ཡོད། ཚོམས་ཁང་གི་སྟེང་རིམ་དུ་རས་གཞི་ནག་པོའི་ངོས་སུ་ཡི་གེ་དཀར་པོས་བློ་མཐུན་རིན་ཅན་ཞིན་སྐུ་གཤེགས་པར་གདུང་སེམས་ཆེན་པོས་མྱ་ངན་ཞུ་ཞེས་བྲིས་པའི་སྦྱར་ཡིག་བཀལ་ཡོད་པ་དང་། སྦྱར་ཡིག་གི་འོག་ཏུ་བློ་མཐུན་རིན་ཅན་ཞིན་གྱི་སྐུ་བརྙན་བཞག་ཡོད། བློ་མཐུན་རིན་ཅན་ཞིན་གྱི་སྐུ་གདུང་མེ་ཏོག་དང་ཤུག་པའི་ཤིང་ལོའི་ཁྲོད་དུ་བཞག་ཡོད་པ་དང་། ལུས་སྟེང་དུ་བཀྲག་མདངས་འཚེར་བའི་ཀྲུང་གོ་གུང་ཁྲན་ཏང་གི་ཏང་དར་བཀབ་ཡོད།
སྔ་དྲོའི་ཆུ་ཚོད9དང་སྐར་མ30ཙམ་ལ། ཞི་ཅིན་ཕིང་དང་ཀྲའོ་ལི་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏེན་ཞུའེ་ཞང་། ལིས་ཞི། ཧན་ཀྲིན་སོགས་མྱ་ངན་གྱི་རོལ་དབྱངས་ཁྲོད་དུ་གོམ་པ་དལ་གྱིས་བློ་མཐུན་རིན་ཅན་ཞིན་གྱི་སྐུ་གདུང་མདུན་དུ་ཡོང་ནས་མྱ་ངན་ཞུས་པ་དང་། བློ་མཐུན་རིན་ཅན་ཞིན་གྱི་སྐུ་གདུང་ལ་གུས་འདུད་ཐེངས་གསུམ་ཞུས་པར་མ་ཟད། བློ་མཐུན་རིན་ཅན་ཞིན་གྱི་གཉེན་ཉེ་རྣམས་ལ་ལག་འཇུ་བྱས་ནས་འཚམས་འདྲི་བྱས།
ཏང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་མྱ་ངན་ཞུ་བར་ཕེབས་པའམ་ཡང་ན་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་མྱ་ངན་ཞུས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་དང་། བློ་མཐུན་རིན་ཅན་ཞིན་སྐུ་འཚོ་བཞུགས་སྐབས་ཀྱི་གྲོགས་པོ་དང་ཕ་ཡུལ་གྱི་འཐུས་མིའང་མྱ་ངན་ཞུ་བར་སོང་།
ཤ་བོ་རིན་མཚོས་བསྒྱུར།