“ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པར་སློབ་སྦྱོང་མཐར་ཕྱིན་བྱེད་པ་དང་ལག་བསྟར་ནན་མོ་བྱེད་པ། འགྲེལ་བཤད་ཡག་པོ་བྱེད་པ་བཅས་ཀྱི2024ལོའི་ལོ་ཚོགས”པེ་ཅིང་དུ་འཚོགས།
2024.09.27 ཁུངས། ཀློག་གྲངས། 14

ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ75འཁོར་ལ་ཉེ་བའི་སྐབས་འདིར། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་རྒྱུ་དང་། ཞི་ཅིན་ཕིང་གི་ དཔལ་འབྱོར་དགོངས་པར་སློབ་སྦྱོང་མཐར་ཕྱིན་བྱེད་པ་དང་གོ་བ་ཡང་དག་ལེན་པ། ལག་བསྟར་ནན་མོ་བཅས་བྱེད་ཆེད། ཟླ9པའི་ཚེས25ཉིན། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་གཙོ་སྒྲུབ་བྱས་པ་དང་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པའི་ཞིབ་འཇུག་ལྟེ་གནས་ཀྱིས་འགན་སྒྲུབ་བྱས་པའི། “ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པར་སློབ་སྦྱོང་མཐར་ཕྱིན་བྱེད་པ་དང་ལག་བསྟར་ནན་མོ་བྱེད་པ། འགྲེལ་བཤད་ཡག་པོ་བྱེད་པ་བཅས་ཀྱི2024ལོའི་ལོ་ཚོགས”པེ་ཅིང་དུ་འཚོགས།

རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི།  ཀྲུའུ་རིན། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པའི་ཞིབ་འཇུག་ལྟེ་གནས་ལས་འཛིན་ལྷན་ཚོགས་ཀྱི་ལས་འཛིན་དཔོན་ཀྲིན་ཧྲན་ཅེ་ཡིས་གཏམ་བཤད་སྤེལ་ནས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པར་སློབ་སྦྱོང་དང་ཤེས་རྟོགས་ཐུབ་པར་བྱས་ཏེ། ཏང་གི་ཕྱོགས་ཡོངས་ལ་འགོ་ཁྲིད་བྱེད་པའི་རྩ་བའི་འགན་ལེན་དེ་ཁོང་དུ་བརྟན་པོ་ཆུད་པར་བྱེད་རྒྱུ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་དམིགས་འབེན་ཁ་ཕྱོགས་ཁོང་དུ་བརྟན་པོ་ཆུད་པར་བྱེད་པ། དུས་རབས་གསར་པའི་དཔལ་འབྱོར་འཕེལ་རྒྱས་ཀྱི་འདུ་ཤེས་དང་རྩ་དོན་ཁོང་དུ་བརྟན་པོ་ཆུད་པར་བྱེད་པ། དུས་རབས་གསར་པའི་དཔལ་འབྱོར་ལས་དོན་གྱི་འཐབ་ཇུས་བྱེད་ཐབས་ཁོང་དུ་བརྟན་པོ་ཆུད་པར་བྱེད་པ། ཡང་དག་པའི་བསམ་བློ་གཏོང་སྟངས་དང་ལས་ཀའི་བྱེད་ཐབས་ཁོང་དུ་བརྟན་པོ་ཆུད་པར་བྱེད་པ་བཅས་བྱེད་དགོས།  ཕྱོགས་སོ་སོས་རྩ་འཛུགས་འཆར་འགོད་དང་མཐུན་སྦྱོར་མཉམ་འགུལ་ལ་ཤུགས་བསྣན་ཏེ།  བརྒྱུད་རིམ་རང་བཞིན་གྱི་གསེད་བཀྲོལ་དང་སློབ་སྦྱོང་དངོས་སྒྲུབ་ཅན་གྱི་ཞིབ་འཇུག ཕྱོགས་ཡོངས་ཀྱི་བེད་སྤྱོད། ལངས་གཟུགས་རྣམ་པའི་དྲིལ་སྒྲོག་སོགས་ལ་ཤུགས་སྣོན་རྒྱག་པའི་ཐད་ཤུགས་བསྣན་མཐར།  ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པར་སློབ་སྦྱོང་ནན་མོ་དང་ལག་བསྟར་གཏིང་ཟབ་བྱེད་པའི་མཉམ་ཤུགས་ཆེན་པོ་ཞིག་གྲུབ་པར་འབད་དགོས་ཞེས་བསྟན།

ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་ཉིན་རེའི་བྱ་བའི་ཁག་བགོས་ཀྲུའུ་རིན་གཞོན་པ་ཧན་ཝུན་ཞིའུ་ཡིས་གཏམ་བཤད་སྐབས། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པར་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཡང་དག་པའི་རིན་ཐང་གི་ལྟ་བ་དང་ཡིན་མིན་གྱི་ལྟ་བ། སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་བཅས་བཙུགས་ནས། གང་གསུང་དེ་སྒྲུབ་ཀྱི་དྲང་ཕྱོགས་ཀྱི་གསལ་ཐོ་དང་ལྡོག་ཕྱོགས་ཀྱི་གསལ་ཐོར་སྟངས་འཛིན་ཡག་པོ་བྱེད་དགོས། ཕྱོགས་གཅིག་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ངེས་པར་དུ་ཆ་ཚང་བ་དང་ཡང་དག་པ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ཏེ། དཔལ་འབྱོར་སྤུས་ཚད་མཐོ་རུ་ནུས་ལྡན་གཏོང་བ་དང་གྲངས་འབོར་ལུགས་མཐུན་ངང་འཕར་རྒྱུར་སྐུལ་འདེད་གཏོང་དགོས། ཕྱོགས་གཞན་ཞིག་ནས་ནོར་འཁྲུལ་གྱི་ཕྱོགས་ལྷུང་དང་བྱེད་སྟངས་ངེས་པར་དུ་སྔོན་འགོག་བྱེད་དགོས། ཡུལ་བབ་དང་བསྟུན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། འུར་ཐེངས་གཅིག་གི་ཡུན་ལ་ཚང་མས་ལས་དོན་སྒྲུབ་པར་སྔོན་འགོག་བྱེད་དགོས་པ་དང་། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་ཡག་པོ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་གཅིག་བཟུང་གཅིག་ཤོར་མི་ཡོང་བར་བྱེད་དགོས། རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་དང་རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་རྒྱུན་འཁྱོངས་བྱས་ཏེ། བཀག་སྡོམ་དང་ཁ་བྲལ་གྱི་སྒོ་ནས་རང་ཉིད་འཁོར་རྒྱུག་ཆུང་ངུ་བྱེད་རིགས་བཀག་འགོག་བྱེད་དགོས། དངོས་ཕུང་དཔལ་འབྱོར་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས་བྱས་ནས་དངོས་བྲལ་རྫུན་ཕྱོགས་སྔོན་འགོག་བྱེད་དགོས། བདེན་འཚོལ་དོན་གཉེར་རྒྱུན་འཁྱོངས་བྱས་ཏེ། ཕྱི་ཚུལ་རིང་ལུགས་དང་ཕྱི་ཚུལ་ཙམ་གཉེར་བའི་སྤྱོད་ཚུལ་སྔོན་འགོག་བྱེད་དགོས་ཞེས་བསྟན།

རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་བྱ་བའི་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་ཝུའུ་ཧའོ་ཡིས་ཚོགས་འདུར་འགོ་འཛིན་བྱས།

བན་དེ་སྐྱབས་ཀྱིས་བསྒྱུར།