ཁྲིན་ཀང་གིས་མཚོ་ལྷོ་ཁུལ་དང་རྨ་ལྷོ་ཁུལ་དུ་རྟོག་ཞིབ་བྱས།
2024.09.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 12

ཟླ9པའི་ཚེས25ཉིན་ནས་ཚེས26ཉིན་བར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་རྟོག་ཞིབ་བྱེད་སྐབས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་། རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་ནན་ཏན་གྱིས་དངོས་འབེབས་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་དམིགས་བསལ་དུ་འཛིན་པ་དུས་ནམ་ཡང་རྒྱུན་འཁྱོངས་བྱས་ནས། བོད་འབྲེལ་ས་ཁུལ་སྤུས་ཚད་མཐོན་པོས་འཕེལ་རྒྱས་དང་ཡུན་སྐྱོང་བདེ་འགོད་ཡོང་ཆེད་སྐུལ་འདེད་ཏན་ཏིག་གཏོང་དགོས་ཞེས་ནན་གྱིས་བསྟན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་གྱིས་རྟོག་ཞིབ་བྱེད་རོགས་བྱས།

ཁྲིན་ཀང་རྩེ་ཁོག་རྫོང་དམེ་ཤུལ་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་རང་བྱུང་ཚན་རིག་ཁྱབ་སྤེལ་གླིང་དུ་སོང་ནས། སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོབ་དང་། ཚན་རིག་ཁྱབ་སྤེལ་དྲིལ་སྒྲོག་སློབ་གསོ་སོགས་ཀྱི་བྱ་བར་རྒྱུས་ལོན་བྱས། གཅན་ཚ་རྫོང་འབར་རྩ་རྨ་ཆུའི་ཟམ་ཆེན་དང་དེའི་འདྲེན་ལམ་བཟོ་སྐྲུན། ཞིན་ཧེ་རྫོང་ཆུ་སྔོན་གྲོང་རྡལ་ནས་ལུང་བཟང་ཡུལ་ཚོའི་བར་གྱི་གཞུང་ལམ་བཟོ་སྐྲུན་རྣམ་གྲངས་ཀྱི་བར་དུམ་གཅིག་གི་ཡུལ་དངོས་སུ་སོང་སྟེ། རྨ་ཆུའི་འགྲམ་རྒྱུད་ཀྱི་སྐྱེ་ཁམས་བཅོས་སྐྱོང་དང་། རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་ཉེན་བརྡའི་བརྙན་ཐུང་ལས་མངོན་པའི་གནད་དོན་དག་ཐེར་གནས་ཚུལ་ལ་ལྟ་ཞིབ་བྱས། ཐོག་མཐའ་བར་གསུམ་དུ་རྒྱལ་དོན་གྱི་ཆེ་ཕྱོགས་ཡིད་ལ་བཅངས་ཏེ། བློ་བརྟན་འགྱུར་མེད་སྒོས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་དད་མོས་མཁན་དང་། ལག་བསྟར་མཁན། སྐུལ་འདེད་མཁན་བཅས་བྱས་ནས། གཅིག་ཤེས་ཀུན་གྲོལ་གྱིས་གནད་དོན་དག་ཐེར་བྱ་བ་དམ་འཛིན་ཡག་པོ་དང་། རྒྱུན་ཆད་མེད་པར་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ཁུངས་གསོག་འཇོག་བྱེད་ནུས་ཇེ་ཆེར་གཏོང་བ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་འགོག་ར་མཐའ་གཅིག་ཏུ་བརྟན་པོར་བཟོ་དགོས། ཆུ་ཚད་མཐོ་བའི་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ། རི་བོ་གཉིས་ཀྱི་ཚུལ་སྒྱུར་ཐབས་ལམ་མུ་མཐུད་རྒྱ་བསྐྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་དམངས་ཚིས་ལེགས་བཅོས། ལྗང་མདོག་འཕེལ་རྒྱས་ཕན་ཚུན་གཅིག་གྱུར་ཡོང་བར་སྐུལ་འདེད་གཏོང་དགོས། རྩེ་ཆུ་རྒྱལ་ཁབ་བརླན་སའི་སྤྱི་གླིང་དུ། ཁྲིན་ཀང་གིས་ལོ་བདུན་ཅུར་བུད་པའི་ཁོར་ཡུག་སྲུང་སྐྱོབ་ཀྱི་དང་བླངས་པ་རྒན་པ་རྡོ་རྗེ་དང་ཡུལ་དངོས་ནས་ཁ་བརྡ་བྱས་ཤིང་། ཁོས་ལོ་བཅུ་ཕྲག་རིང་བརླན་སའི་སྲོག་ཆགས་ལ་བརྩེ་བ་ཆེན་པོས་སྲུང་སྐྱོབ་བྱས་ཏེ། རབས་གསར་པའི་འབྲོག་པ་རྣམས་ལ་སེམས་འགུལ་དང་ཤུགས་རྐྱེན་བཟང་པོ་ཐེབས་སུ་བཅུག་ཡོད།  ཁོ་དང་རྗེས་རབས་པས་བརླན་ས་སྲུང་སྐྱོབ་མཁན་ལེགས་པོ་ཞིག་བྱས་ནས་མཛེས་པའི་མཚོ་སྔོན་གྱི་སྐྱེ་ཁམས་ལ་གཟི་མདངས་རྒྱས་ཆེད་སྟོབས་ཤུགས་ཅི་ཡོད་འབུལ་དགོས་ཞེས་སྐུལ་མ་གནང་།

གཡང་འཁྱིལ་ཆུ་གློག་ས་ཚིགས་འཛུགས་སྐྲུན་གྱི་བསྡུ་ལེན་ས་ཆ་དེ་ཞིན་ཧེ་རྫོང་དང་། ཐུན་ཏེ་རྫོང་། ཀོས་ནན་རྫོང་བཅས་ཀྱི་གྲོང་རྡལ་དང་ཡུལ་ཚོ་བདུན་གྱི་སྡེ་བ་ཉེར་གཉིས་དང་འབྲེལ་ཡོད་ཅིང་། ཁྲིན་ཀང་ཐང་ནག་རྨ་ཆུའི་ཟམ་ཆེན་སྟེང་ལངས་ནས། འཛུགས་སྐྲུན་ཁྲོད་ཀྱི་ཐང་ནག་ཡུལ་ཚོའི་གནས་སྤོར་སྡེ་དམངས་བདེ་འགོད་ས་ཆའི་སྡེ་བ་གསུམ་པར་རྒྱང་ལྟ་བྱས་ཏེ། བདེ་འགོད་ས་གནས་ཀྱི་སྤྱིའི་འཆར་འགོད་ཇུས་གཞིར་ཉན་ཞིང་། སྐྱེ་ཁམས་སྲུང་སྐྱོབ་དང་དམངས་ཚིས་ལེགས་བཅོས་བྱ་བར་བསམ་གཞིགས་གང་ལེགས་བཏང་སྟེ། གནས་སྤོར་མང་ཚོགས་འཕྲད་པའི་གནད་དོན་ཐག་གཅོད་བཟང་པོ་བྱེད་པ་དང་། གནས་སྤོར་བྱ་བའི་རྗེས་ཀྱི་ལས་དོན་ཡག་པོར་བསྒྲུབ་ནས། གནས་སྤོར་མང་ཚོགས་གནས་སྤོར་ཐུབ་ཅིང་བརྟན་འཇགས་ཡོང་བ་དང་། ཕྱུག་འགྱུར་འབྱུང་ཐུབ་པར་ཁག་ཐེག་བྱེད་དགོས་པ་ནན་གྱིས་བསྟན།

ཐུན་ཏེ་རྫོང་ཤིང་ཁྲི་དགོན་པ་དང་། གཅན་ཚ་རྫོང་གནམ་རྫོང་དགོན་པ། ཞིན་ཧེ་རྫོང་ཨ་ཚོགས་དགོན་པའི་གནས་སྐབས་བདེ་འགོད་ས་ཚིགས་སུ། ཁྲིན་ཀང་གིས་དགོན་པར་སྡོད་པའི་ལས་བྱེད་པ་དང་མི་དམངས་ཉེན་རྟོག་པ། དགེ་འདུན་པའི་འཐུས་མི་བཅས་དང་ལྷན་དུ་བཞུགས་མོལ་བརྗེ་རེས་བྱས་ཏེ། དགོན་པའི་ཉིན་རྒྱུན་གྱི་དོ་དམ་དང་དགེ་འདུན་པའི་སློབ་སྦྱོང་དང་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་ཤིང་། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་དང་། དགེ་འདུན་པའི་ཁྲིམས་བཀུར་ཁྲིམས་སློབ་དང་ཁྲིམས་སྲུང་ཁྲིམས་བཀོལ་གྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། དགོན་པའི་དོ་དམ་ལམ་ལུགས་ཅན་དང་ཚད་ལྡན་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས་པ་ནན་བཤད་བྱས་ལ། དགོན་པར་སྡོད་པའི་ལས་བྱེད་པས་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། དགོན་པའི་མེ་འགོག་དང་ཟས་རིགས། བདེ་ཐང་བདེ་འཇགས་བཅས་ཀྱི་འགག་སྒོ་བརྟན་པོར་སྲུང་བ་དང་། འགལ་རྩོད་ཐོག་མ་ནས་སེལ་ཐུབ་པར་བྱས་ནས། དགེ་འདུན་པ་རྣམས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་རོགས་བྱེད་དགོས་ཞེས་ནན་གྱིས་བསྟན།

མཚོ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གླིང་དུ། ཁྲིན་ཀང་བསླབ་ཚན་སློབ་ཁྲིད་དང་དངོས་སྦྱོང་རྟེན་གཞི་རུ་སོང་ནས། དགེ་སློབ་ཚོ་དང་མཉམ་དུ་བརྗེ་རེས་ཟབ་མོ་བྱས་ཤིང་། སློབ་སྒྲུབ་ཆ་རྐྱེན་དང་ཆེད་ལས་སྒྲིག་གཞི། ལས་ཞུགས་མདུན་ལྗོངས་སོགས་འདྲི་རྩད་ཞིབ་མོ་བྱས། སེམས་ཤུགས་མཉམ་འདོན་གྱིས་མི་རིགས་ས་ཁུལ་གྱི་ལས་རིགས་སློབ་གསོའི་ལས་དོན་ཡག་པོར་སྒྲུབ་སྟེ། བྱིས་པ་རྣམས་ལ་རྩལ་ནུས་གཅིག་ཁོང་དུ་ཆུད་པར་བྱེད་པ་དང་། ཚད་གཞི་ཆེས་ཆེ་བའི་སྒོ་ནས་རང་ངོས་འཕེལ་རྒྱས་མངོན་འགྱུར་བྱེད་དུ་བཅུག་ནས། བྱིས་པ་རྣམས་ཀྱིས་མི་ཚེའི་ཁ་ཕྱོགས་ཤིག་རྙེད་པ་དང་སྔར་ལས་ལེགས་པའི་སྒོ་ནས་སྤྱི་ཚོགས་ཁྲོད་དུ་འདྲེས་པར་རོགས་བྱེད་དགོས་ཤིང་། ལས་ཞུགས་དམིགས་བསལ་དུ་འཛིན་པའི་འཐབ་ཇུས་ལག་བསྟར་ཟབ་མོ་བྱས་ཏེ། ཤར་ནུབ་མཐུན་སྦྱོར་མཉམ་ལས་དང་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་གྱི་རྐྱེན་སྲོལ་བཀོལ་སྤྱོད་བཟང་པོ་བྱེད་པ་དང་། ཁྲོམ་རའི་དགོས་མཁོ་ཁྲིད་ཕྱོགས་སུ་འཛིན་པའི་གསོ་སྐྱོང་རྣམ་པ་གྲུབ་པར་བྱས་ནས། སྤུས་ཚད་མཐོ་བའི་ལས་ཞུགས་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། མཚོ་ལྷོ་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ལོའུ་ཀང་འབྲེལ་ཡོད་བྱེད་སྒོར་ཞུགས།

རིག་འཛིན་སྒྲོལ་མས་བསྒྱུར།