ཚེས27ཉིན་གྱི་དགོང་མོར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ75འཁོར་བར་རྟེན་འབྲེལ་ཞུ་བའི་ཕྱི་རྒྱལ་གྱི་ཆེད་མཁས་པའི་སྣེ་ལེན་ཚོགས་འདུ་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་བསྡུས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་གིས་འགོ་འཛིན་གནང་ནས་ཤིས་ཚིག་ཕུལ།
ཏེན་ཞུའེ་ཞང་གིས་སྔོན་ལ་ཀྲུང་གོ་སྲིད་གཞུང་དང་ཀྲུའུ་ཞི་ཞི་ཅིང་ཕིང་གི་ཚབ་མཛད་དེ། ཀྲུང་གོའི་བཅོས་སྒྱུར་སྒོ་འབྱེད་དང་དེང་རབས་ཅན་འཛུགས་སྐྲུན་ཁྲོད་ཞུགས་མཁན་དང་དེར་སེམས་ཁུར་དང་རྒྱབ་སྐྱོར་གནང་མཁན་གྱི་ཕྱི་རྒྱལ་གྱི་ཆེད་མཁས་པ་དང་རྒྱལ་སྤྱིའི་མཛའ་འབྲེལ་མི་སྣར་ལྷག་བསམ་རྣམ་དག་གིས་ཐུགས་རྗེ་ཆེ་ཞུས་ཤིང་། བརྩེ་བའི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས།
ཏེན་ཞུའེ་ཞང་གིས་བསྟན་དོན། ཀྲུང་གོ་གསར་པ་དབུ་བརྙེས་པའི་ཚུན་ལ། ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་རང་ཁ་རང་གསོ་དང་དཀའ་སྤྱད་འབད་འཐབ་བྱས་ཤིང་། དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་དང་སྤྱི་ཚོགས་ཡུན་རིང་བརྟན་འཇགས་ཀྱི་ཀྲུང་གོའི་ཁྱད་མཚར་བྱས་རྗེས་གསར་དུ་བཏོད་ཡོད་ཅིང་། ཀྲུང་ཧྭ་མི་རིགས་ཡར་ལངས་པ་དང་ཕྱུག་པོར་འགྱུར་བ་ནས་སྟོབས་ལྡན་དུ་འགྱུར་བའི་རླབས་ཆེན་མཆོང་སྐྱོད་བྱེད་བཞིན་ཡོད། ལྷག་པར་དུས་རབས་གསར་པར་ཞུགས་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག ཀྲུང་གོའི་འཕེལ་རྒྱས་ཐད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་ཞིང་། ཀྲུང་ཧྭའི་ས་གཞི་ཆེན་མོར་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་པ་དང་། བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་ལ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་གྱི་བསྐྱོད་ལམ་གསར་པར་ཞུགས་ཡོད། ཀྲུང་གོ་གསར་པའི་ལོ75རིང་གི་འཕེལ་རྒྱས་གྲུབ་འབྲས་ནི་ཀྲུང་གོའི་མི་དམངས་ཀྱིས་འབད་འཐབ་བྱས་པ་ལས་བྱུང་བ་དང་། དེའི་ནང་དུ་ཕྱི་རྒྱལ་གྱི་ཆེད་མཁས་པའི་བློ་གྲོས་དང་ངལ་རྩོལ། བརྩེ་བ་ཟབ་མོ་བཅས་ཀྱང་འདུས་ཡོད། ལོ་ངོ75རིང་ལ། ཕྱི་རྒྱལ་གྱི་ཆེད་མཁས་པ་རབ་དང་རིམ་པས་ས་ཐག་རིང་བོར་མ་འཛེམ་པར་ཀྲུང་གོར་ཡོང་ནས། ཀྲུང་གོའི་མི་དམངས་དང་མཉམ་དུ་དཀའ་སྡུག་མཉམ་མྱོང་དང་འབད་འབུངས་ཧུར་བརྩོན་བྱས་ཏེ། ཀྲུང་གོའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ཐད་གསུབ་ཐབས་མེད་པའི་བྱས་རྗེས་བཞག་ཡོད་པས། ཀྲུང་གོ་མི་དམངས་ཀྱིས་ནམ་ཡང་ཡིད་ལ་དམ་པོར་འཛིན་ངེས་ཡིན།
ཏེན་ཞུའེ་ཞང་གིས་བསྟན་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་ཆེན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་རྔམ་བརྗིད་ཀྱི་འཆར་གཞི་བཀོད་ཡོད་ལ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་ཁྱོན་ཡོངས་ནས་བཅོས་སྒྱུར་སྔར་ལས་ཟབ་སྤེལ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཐད་མ་ལག་ལྡན་པའི་བཀོད་སྒྲིག་བྱས་ཡོད། སློབ་གསོ་དང་ཚན་རྩལ། འཇོན་མི་བཅས་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྨང་གཞི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་འདེགས་སྐྱོར་ཡིན། ཀྲུང་གོས་ཚན་རིག་སློབ་གསོས་རྒྱལ་ཁབ་དར་སྤེལ་གཏོང་བའི་འཐབ་ཇུས་དང་། འཇོན་མིའི་རྒྱལ་ཁབ་སྟོབས་ལྡན་གྱི་འཐབ་ཇུས། གསར་གཏོད་སྒུལ་ནུས་འཕེལ་རྒྱས་ཀྱི་འཐབ་ཇུས་བཅས་ལག་བསྟར་ཟབ་མོ་བྱེད་པ་དང་། སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་དང་ཚན་རྩལ་རྒྱལ་ཁབ་སྟོབས་ལྡན། འཇོན་མིའི་རྒྱལ་ཁབ་སྟོབས་ལྡན་མྱུར་དུ་འཛུགས་སྐྲུན་བྱས་ཏེ། སློབ་གསོ་དང་ཚན་རྩལ་འཇོན་མིའི་གཞི་གཅིག་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། མི་ཚང་མར་འཇོན་ནུས་ལྡན་ཞིང་སོ་སོའི་ཁྱད་ནུས་མངོན་པར་གསལ་བའི་རྣམ་པ་ལེགས་པོ་ཞིག་གྲུབ་པར་སྐུལ་འདེད་གཏོང་དགོས།
ཏེན་ཞུའེ་ཞང་གིས་ཀྲུང་གོས་སྔར་ལས་ཧུར་བརྩོན་དང་སྔར་ལས་སྒོ་འབྱེད། སྔར་ལས་ནུས་ཡོད་ཀྱི་འཇོན་མིའི་སྲིད་ཇུས་ལག་བསྟར་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཕྱི་རྒྱལ་གྱི་ཆེད་མཁས་པས་ཀྲུང་གོ་ནས་ལས་དོན་སྒྲུབ་པ་དང་འཚོ་བ་རོལ་བར་སྔར་ལས་ལྷག་པའི་སྟབས་བདེ་བསྐྲུན་པ་དང་། སྔར་ལས་ལེགས་པའི་ཞབས་འདེགས་ཞུ་བ། སྔར་ལས་ལེགས་པའི་ཁོར་ཡུག་འདོན་སྤྲོད་བྱེད་པ་བཅས་བྱ་རྒྱུ་ཡིན། རྒྱ་ཆེའི་ཕྱི་རྒྱལ་གྱི་ཆེད་མཁས་པས་ཀྲུང་གོའི་འཕེལ་རྒྱས་ལ་མུ་མཐུད་དུ་སེམས་ཁུར་དང་རྒྱབ་སྐྱོར་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལས་དོན་གྱི་འཛུགས་སྐྲུན་མཁན་བཟང་པོ་ཞིག་དང་། ཀྲུང་ཕྱིའི་བརྗེ་རེས་མཉམ་ལས་ཀྱི་འབྲེལ་ཟམ་སྒྲོག་ཐག་ལྟ་བུ། མི་དམངས་ཀྱི་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་བའི་དམངས་ཁྲོད་ཕོ་ཉ་བཟང་པོ་ཞིག་བྱས་ནས། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་ཆེད་སྔར་ལས་ཆེ་བའི་བྱས་རྗེས་གསར་པ་འཇོག་དགོས་ཞེས་ནན་གྱིས་བསྟན།
ལིས་ཀན་ཅེ་དང་། ཝུའུ་ཝེ་ཧྭ། ཝུའུ་ཀྲིན་ལུང་། ཧྲིན་དབྱི་ཆིན། ཧུའུ་ཁྲུན་ཧྭ་བཅས་སྣེ་ལེན་ཚོགས་འདུར་ཞུགས།
མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་པུའུ་ཀྲང་ཝང་ཞའོ་ཕིན་གྱིས་སྣེ་ལེན་ཚོགས་འདུར་འགོ་འཛིན་བྱས།
སྣེ་ལེན་ཚོགས་འདུར་ཞུགས་མཁན་ལ་ཀྲུང་གོ་རུ་བྱ་བ་སྒྲུབ་བཞིན་པའི་ཕྱི་རྒྱལ་གྱི་ཆེད་མཁས་པའི་འཐུས་མི་དང་ཁོ་ཚོའི་བཟའ་ཟླ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་པེ་ཅིང་གྲོང་ཁྱེར་གྱི་འགན་ཁུར་བློ་མཐུན་སོགས་བསྡོམས་པས་མི1800ཙམ་ཡོད།
རིག་འཛིན་སྒྲོལ་མས་བསྒྱུར།