རྒྱལ་ཡོངས་སྲིད་གྲོས་ཀྱིས་རྒྱང་བསྟེན་གྲོས་མོལ་ཚོགས་འདུ་བསྡུས།
2024.09.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 90

ཟླ9པའི་ཚེས27ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱིས་པེ་ཅིང་དུ་རྒྱང་བསྟེན་གྲོས་མོལ་ཚོགས་འདུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་གྲོས་ཚོགས་ལ་འགོ་འཛིན་བྱས།

ཟླ9པའི་ཚེས27ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱིས་པེ་ཅིང་དུ་རྒྱང་བསྟེན་གྲོས་མོལ་ཚོགས་འདུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་གྲོས་ཚོགས་ལ་འགོ་འཛིན་བྱས། ཝང་ཧུའུ་ཉིང་གིས་གསུངས་རྒྱུར། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་ཏང་གི་གྲོང་ཁྱེར་བྱ་བའི་འགོ་ཁྲིད་ལ་ཤུགས་སྣོན་དང་། མི་དམངས་ཀྱི་གྲོང་ཁྱེར་མི་དམངས་ཀྱིས་བསྐྲུན་པ་དང་། མི་དམངས་ཀྱི་གྲོང་ཁྱེར་མི་དམངས་ཀྱི་ཆེད་དུ་ཡིན་པ་རྒྱུན་འཁྱོངས་བྱས་ཏེ། མི་ལྟེ་བར་འཛིན་པའི་གསར་དར་མཁར་གྲོང་ཅན་ལ་སྐུལ་འདེད་བཏང་བ་དང་། གྲོང་ཁྱེར་གསར་སྒྱུར་འགུལ་སྐྱོད་ལག་བསྟར་བྱས་ནས། བདེ་སྡོད་ལས་འཚམ་དང་བློ་གྲོས་ཀྱི་གྲོང་ཁྱེར་ཞིག་བསྐྲུན་ཏེ་རང་རྒྱལ་གྱི་གྲོང་ཁྱེར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་གྲུབ་འབྲས་གལ་ཆེན་བླངས་ཡོད། མི་དམངས་སྲིད་གྲོས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བཙུགས་ནས་ལོ75འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ནན་ཏན་གྱིས་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གྲོང་ཁྱེར་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་འབྲེལ་ཡོད་བཅོས་སྒྱུར་བཀོད་སྒྲིག་ནན་ཏན་གྱིས་སློབ་སྦྱོང་དང་དེར་གོ་བ་ཡང་དག་བླངས་ཏེ། གྲོང་ཁྱེར་གསར་སྒྱུར་ལེགས་བཅོས་ཀྱི་བྱ་བའི་དམིགས་འབེན་དང་། གཙོ་གནད་ལས་འགན། ལག་བསྟར་བྱེད་ཐབས་ཁོང་དུ་ཆུད་པར་བྱེད་པ། མུ་མཐུད་དུ་ཞིབ་འཇུག་གཏིང་ཟབ་དང་སྲིད་གླེང་ཇུས་འདོན་ཧུར་ཐག་བྱས་ནས། གསར་དར་མཁར་གྲོང་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་ཐབས་ཇུས་དང་སྟོབས་ཤུགས་འབུལ་དགོས། གྲོང་ཁྱེར་གསར་སྒྱུར་ལེགས་བཅོས་དང་འབྲེལ་བའི་སྲིད་ཇུས་དངོས་འབེབས་ཁྲོད་ཀྱི་འགག་རྩའི་གནད་དོན་ཁ་གཏད་དེ། གྲོས་གཞི་འདོན་པ་དང་རྟོག་ཞིབ་བྱེད་པ། དམངས་འདོད་ཆ་འཕྲིན་བསྡུ་ལེན། ལས་རིགས་སོ་སོའི་མང་ཚོགས་དང་འབྲེལ་གཏུག་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད། བྱ་བ་ལེགས་བཅོས་ཀྱི་བསམ་ཚུལ་དང་གྲོས་གཞི་འདོན་དགོས། རང་གི་ལས་གནས་ལ་རྐང་བཙུགས་ཏེ། སྲིད་ཇུས་དྲིལ་སྒྲོག་དང་། དོགས་གཞི་སེལ་བ། འགལ་བ་མེད་པར་གཏོང་བའི་བྱ་བ་མང་དུ་སྒྲུབ་ནས། སྤྱི་ཚོགས་ཡོངས་ཀྱི་སྣེ་ཁྲིད་དེ་གྲོང་ཁྱེར་གསར་སྒྱུར་ལེགས་བཅོས་བྱ་བར་ངོས་འཛིན་ཡང་དག་དང་རྒྱབ་སྐྱོར་མཐའ་འཁྱོལ་བྱེད་པར་མ་ཟད། དེའི་ཁྲོད་མཉམ་དུ་ཞུགས་དགོས་ཞེས་བསྟན།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་པིས་ཅིན་ཆོན་དང་། དབྱི་ཀང་། ལིའུ་ཡན། ཀྲིའུ་ལན། ཡན་ཅན་གོ  ཝེ་ཞའོ་ཏུང་། ཝང་ལིས་ཕིན། ལིའུ་ཞིན་ཡུང་། ལོའུ་ཧྲའོ་ཅུན་དང་། ཆེད་དམིགས་གདན་ཞུའི་འཐུས་མི་ཁྲིན་ལིས་ཧྭ་དང་། ཝིན་ཅུན་ནིན་བཅས་ཀྱིས་སོ་སོར་རྒྱལ་ཡོངས་སྲིད་གྲོས་ལས་ཁུངས་ཀྱི་ཚོགས་ར་གཙོ་བོ་དང་། ཀྲེ་ཅང་དང་ཧི་ནན། ཁྲུང་ཆིན་བཅས་ཀྱི་ཡན་ལག་ཚོགས་ར། ཧྲང་ཧེའི་ཕུའུ་ཐའོ་དང་། ཀྲེ་ཅང་གི་ཧང་ཀྲིའུ་སོགས་ས་ཁུལ་དུ་བརྙན་རིས་རྣམ་པས་གཏམ་བཤད་སྤེལ། ཚང་མས་སྲིད་ཇུས་སྣེ་ཁྲིད་ལ་ཤུགས་བསྣན་ཏེ། ས་ཞིང་དང་ནོར་སྲིད། ཁྲལ་བསྡུ། དངུལ་རྩ་སོགས་ཀྱི་སྡེབ་སྒྲིག་རྒྱབ་སྐྱོར་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་། ཏན་ཏིག་གོ་རིམ་ལྡན་པར་གྲོང་ཁྱེར་གསར་སྒྱུར་གྱི་ལས་དོན་ཁག་ལ་སྐུལ་འདེད་གཏོང་དགོས། གཙོ་གནས་ལ་དམིགས་ཏེ། རིགས་བགར་ནས་གྲོང་ཁྱེར་གསར་སྒྱུར་གྱི་ལས་དོན་ལས་འགན་ཁག་ལ་སྐུལ་འདེད་གཏོང་བ་དང་། ད་ཡོད་འཛུགས་སྐྲུན་གྱི་ལེགས་སྒྱུར་བེད་སྤྱོད་ལ་ཤུགས་སྣོན་པ། མཁར་གྲོང་གི་གཞིས་ཁུལ་རྙིང་པ་དང་སྲང་ལམ་རྙིང་པ་གསར་སྒྱུར་ལེགས་བཅོས་བྱ་བར་སྐུལ་འདེད་གཏོང་བ། གྲོང་ཁྱེར་གྱི་བྱེད་ནུས་ཆ་ཚང་དུ་གཏོང་བ་དང་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལེགས་བཅོས་བྱ་བར་ཤུགས་སྣོན་དགོས། གྲོང་ཁྱེར་གྱི་སྐྱེ་ཁམས་མ་ལག་ཉམས་གསོ་བྱས་ཏེ། ལོ་རྒྱུས་རིག་གནས་ཀྱི་སྲང་ལམ་དང་ལོ་རྒྱུས་བཟོ་བསྐྲུན་ཞིག་གསོ་སྲུང་སྐྱོབ་དང་བེད་སྤྱོད་གཏོང་བར་ཤུགས་བསྣན་ནས། གྲོང་ཁྱེར་གྱི་མི་སྡོད་ཁོར་ཡུག་དང་འཚོ་བའི་སྤུས་ཚད་རྒྱུན་མཐུད་མཐོར་འདེགས་གཏོང་དགོས་ཞེས་གྲོས་གཞི་བཏོན།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧུའུ་ཁྲུན་ཧྭ་དང་། ཝང་ཡུང་། པ་ཐིར། སུའུ་ཧོས། ཀའོ་ཡུན་ལུང་། ཝང་ཏུང་ཧྥིན་བཅས་གྲོས་ཚོགས་ལ་ཞུགས། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་། ནོར་སྲིད་པུའུ། སྡོད་ཁང་དང་གྲོང་གསེབ་འཛུགས་སྐྲུན་པུའུ་ཡི་འགན་ཁུར་བློ་མཐུན་གྱིས་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས་པར་མ་ཟད། སྲིད་གྲོས་ཨུ་ཡོན་དང་མཉམ་དུ་གྲོས་མོལ་བརྗེ་རེས་བྱས།

རིག་འཛིན་སྒྲོལ་མས་བསྒྱུར།