ཟླ9པའི་ཚེས24ཉིན་གྱི་ཕྱི་དྲོར། ཀྲུང་དབྱང་རྩ་འཛུགས་པུའུ་དང་། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་། སློབ་གསོ་པུའུ་བཅས་ཀྱིས་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་མཉམ་འབྲེལ་སྒོས“ཚོགས་སྒྲིག་རྣམ་པའི”རོགས་སྐྱོར་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུ་བསྡུས། ཀྲུང་དབྱང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གཞོན་པ། རྒྱལ་ཁབ་གཞུང་ཞབས་པའི་ཅུའུ་ཡི་ཅུའུ་ཀྲང་ཞུས་ཆི་ཧྥང་དང་། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཁོངས་མི། ཀྲུའུ་རིན་གཞོན་པ་ལིའུ་ཅིན་ཧྥིན། སློབ་གསོ་པུའུ་ཡི་ཏང་ཙུའུ་ཁོངས་མི། པུའུ་ཀྲང་གཞོན་པ་ཧི་ཀོང་ཚེ་བཅས་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཀྲའོ་ཡའེ་ཞ་དང་། ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཝང་ལིན། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་ཚོགས་ཀྱི་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཆབ་སྲིད་ཨུ་ཡོན་གཞོན་པ། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཀྲང་ཝུན་ཧྲིན། བོད་རང་སྐྱོང་ལྗོངས་ཏང་ཨུའི་རྩ་འཛུགས་པུའུ་ཡི་འབྲེལ་ཡོད་འགན་འཁུར་བློ་མཐུན་བཅས་ཀྱིས་གཏམ་བཤད། རོགས་སྐྱོར་བྱེད་མཁན་དང་རོགས་སྐྱོར་བྱ་ཡུལ་ཕྱོགས་གཉིས་ཀྱི་འབྲེལ་ཡོད་ཕྱོགས་ཀྱི་འཐུས་མིས་ཚོགས་འདུའི་ཐོག་བརྗེ་རེས་གཏམ་བཤད་སྤེལ།
ཚོགས་འདུ་ལས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བོད་ལྗོངས་དང་། ཞིན་ཅང་། མཚོ་སྔོན་བཅས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་སྟེ། ཐོག་མཐའ་བར་གསུམ་དུ་ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་སྤྱི་ཡོངས་ནས་འགོ་བརྩམས་ཏེ་ཁ་གཏད་རོགས་སྐྱོར་ལས་དོན་ལ་ཇུས་འགོད་དང་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་། ཁ་གཏད་རོགས་སྐྱོར་གྱི་རྒྱལ་ཁབ་ཀྱི་འཐབ་ཇུས་རྒྱུན་འཁྱོངས། ཁ་གཏད་རོགས་སྐྱོར་གྱི་ཕྱོགས་བསྡུས་ཕན་འབྲས་ཆེ་རུ་གཏོང་བ་སོགས་ཀྱི་ཐད་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ནས། དུས་རབས་གསར་པའི་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་ཁ་གཏད་རོགས་སྐྱོར་ལས་དོན་དང་ལྷག་པར་དུ“ཚོགས་སྒྲིག་རྣམ་པའི”རོགས་སྐྱོར་ལས་དོན་ཡག་པོར་སྒྲུབ་པར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ཀྲུང་དབྱང་རྩ་འཛུགས་པུའུ་དང་། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་། སློབ་གསོ་པུའུ་བཅས་ཀྱིས“ཚོགས་སྒྲིག་རྣམ་པའི”རོགས་སྐྱོར་ལས་དོན་དེ་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་ཞིབ་འཇུག་ཇུས་འགོད་ལ་ཤུགས་སྣོན་དང་། མཛུབ་སྟོན་དང་ལྟ་སྐུལ་ལ་ཤུགས་སྣོན། རྒྱུན་མཐུད་ངང་ཤུགས་སྣོན་བཅས་བྱས་ཡོད། འདས་པའི་ལོ་གཅིག་གི་རིང་། རོགས་སྐྱོར་བྱེད་མཁན་དང་རོགས་སྐྱོར་བྱ་ཡུལ་ཕྱོགས་གཉིས་ཀྱིས་ལངས་གནས་སྔར་ལས་མཐོར་འདེགས་དང་། བྱེད་ཐབས་ཞིབ་བཟོ། མཉམ་ལས་དམ་ཟབ་བཅས་བྱས་ཏེ།“ཚོགས་སྒྲིག་རྣམ་པའི”རོགས་སྐྱོར་ལས་དོན་ལ་འཕེལ་རིམ་གསར་པ་དང་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་བཏང་བས། བོད་ལྗོངས་དང་། ཞིན་ཅང་། མཚོ་སྔོན་བཅས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་སྣང་དང་ངོས་འཛིན་ཆེ་རུ་ཕྱིན་ཡོད།
ཚོགས་འདུ་ལས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་དང་ཞིན་ཅང་སྐྱོང་བའི་ཐབས་ཇུས་དོན་འཁྱོལ་བྱེད་པ། རྒྱལ་ཡོངས་ཀྱིས་ཞིན་ཅང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བའི་ཚོགས་འདུ་ཐེངས་དགུ་པ་དང་། བོད་ལྗོངས་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བའི་ཚོགས་འདུ་ཐེངས་བཞི་པ་སོགས་འབྲེལ་ཡོད་ཚོགས་འདུའི་བཀོད་སྒྲིག་བླང་བྱ་ལྟར། བྱེད་ཐབས་ནུས་ལྡན་སྤྱད་དེ“ཚོགས་སྒྲིག་རྣམ་པའི”རོགས་སྐྱོར་ལས་དོན་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས། མཐའ་མཚམས་མི་རིགས་ས་ཁུལ་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་དུ་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས།
ཚོགས་འདུ་ལས་ནན་གྱིས་བསྟན་དོན། དུས་རབས་གསར་པའི་སྐྱོད་ལམ་གསར་པར་གཞི་ཚུགས་ཏེ། “ཚོགས་སྒྲིག་རྣམ་པའི་”རོགས་སྐྱོར་ལས་དོན་ཡག་པོར་སྒྲུབ་དགོས་ན། བྱང་ཚད་མཐོ་རུ་གཏོང་བ་དང་། རིན་ཐང་མངོན་པ། ཁྲིད་ཕྱོགས་མཚོན་པ་བཅས་ལ་དམིགས་ཏེ། ཆབ་སྲིད་ཀྱི་ལངས་གནས་མཐོ་རུ་གཏོང་བ་དང་། བྱ་བའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ། མཐུན་སྦྱོར་ནུས་ཆེར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་སྔར་ལས་ཤུགས་སྣོན་པ་དང་། སྨན་བཅོས་ཤེས་ལྡན་མི་སྣའི་“ཚོགས་སྒྲིག་རྣམ་པའི”རོགས་སྐྱོར་གྱིས་དམིགས་འབེན་ལས་འགན་གཏན་འཁེལ་བྱེད་པར་མུ་མཐུད་དུ་ཤུགས་སྣོན་པ་དང་། སློབ་གསོའི་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”རོགས་སྐྱོར་གྱིས་ཚད་ལྡན་དང་མཐོར་འདེགས་གཏོང་བར་དམིགས་ཏེ་རྒྱུན་མཐུད་སྒོས་ནུས་ཤུགས་འདོན་པ། “ཚོགས་སྒྲིག་ཆུང་བ”ཡི་རོགས་སྐྱོར་གྱིས་ཕན་འབྲས་དངོས་ལ་རྒྱུན་མཐུད་ངང་ཤུགས་སྣོན་པ་དང་། རོགས་སྐྱོར་ལས་དོན་ཏན་ཏིག་ངང་སྤེལ་བར་སྐུལ་འདེད་བཏང་སྟེ། ཕྱོགས་བསྡུས་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་དང་ཞབས་ཞུའི་འགན་སྲུང་ལ་ཤུགས་སྣོན་དང་། བྱ་བའི་འགན་འཁྲི་ཇེ་དྲག་ཏུ་གཏོང་བ། སྲིད་ཇུས་དང་བྱེད་ཐབས་འཐུས་ཚང་དུ་གཏོང་བར་སྐུལ་འདེད། ཕྱོགས་སོ་སོའི་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་བཅས་བྱས་ཏེ། “ཚོགས་སྒྲིག་རྣམ་པའི”རོགས་སྐྱོར་ལས་དོན་གྱི་ལས་འགན་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱེད་དགོས།
སྐུལ་སྤེལ་ཚོགས་འདུ་དེ་བརྙན་འཕྲིན་དང་ཁ་པར་ཚོགས་འདུའི་རྣམ་པའི་ཐོག་ནས་འཚོགས། ཀྲུང་དབྱང་རྩ་འཛུགས་པུའུ་དང་། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་། སློབ་གསོ་པུའུ། ཞིང་ལས་དང་གྲོང་གསེབ་པུའུ་བཅས་ཀྱི་འབྲེལ་ཡོད་སི་དང་ཅུའུ་ཡི་འགན་འཁུར་བློ་མཐུན་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་། འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་། སློབ་གསོ་ཐིན་བཅས་དང་དེ་མིན་བོད་འབྲེལ་ཁུལ6གི་ཏང་ཨུ་དང་སྲིད་གཞུང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན། རོགས་སྐྱོར་བྱེད་མཁན་གྱི་ཞིང་ཆེན་དང་གྲོང་ཁྱེར་གྱི་མཚོ་སྔོན་རོགས་སྐྱོར་ལས་དོན་རུ་ཁག་གི་སྣེ་ཁྲིད་པ།“ཚོགས་སྒྲིག་རྣམ་པའི”མཚོ་སྔོན་རོགས་སྐྱོར་སྨན་བཅོས་ལས་དོན་རུ་ཁག་གི་རུ་དཔོན། རོགས་སྐྱོར་བྱ་ཡུལ་སྨན་ཁང་གི་ས་གནས་ཀྱི་འགན་འཁུར་བློ་མཐུན། དེ་མིན་འབྲེལ་ཡོད་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་འཐུས་མི་སོགས་ཚོགས་ར་གཙོ་བོའི་ཚོགས་འདུར་ཞུགས། བོད་ལྗོངས་དང་། ཞིན་ཅང་། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་ཚོགས་བཅས་དང་དེ་མིན་རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་སོ་སོའི་ཏང་ཨུའི་རྩ་འཛུགས་པུའུ་དང་། འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་། སློབ་གསོ་ཐིན་བཅས་ཀྱི་ལས་བགོས་འགན་འཁུར་བློ་མཐུན་དང་། རོགས་སྐྱོར་བྱ་ཡུལ་ཕྱོགས་གཉིས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན། རོགས་སྐྱོར་བྱེད་མཁན་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་འཐུས་མི་སོགས་འབྲེལ་ཡོད་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་སོ་སོའི་ཡན་ལག་ཚོགས་རའི་ཚོགས་འདུར་ཞུགས།
སྒྲོལ་མ་སྐྱིད་ཀྱིས་བསྒྱུར།