མཚོ་སྔོན་དང་སི་ཁྲོན། ཡུན་ནན། ཀན་སུའུ། བོད་རང་སྐྱོང་ལྗོངས་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་ལྔའི་དབྱར་རྩྭ་དགུན་འབུའི་ཐོན་ལས་སྲུང་སྐྱོབ་མནའ་འབྲེལ་གྱི་གྲོས་ཚོགས་ཟླ9པའི་ཚེས27ཉིན་ཟི་ལིང་དུ་བསྡུས། ཚོགས་ཐོག་ཏུ་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་ལེན་མཐར་ཕྱིན་བྱས་པ་དང་། དེའི་དམིགས་འབེན་ནི་མནའ་འབྲེལ་བཙུགས་པ་བརྒྱུད་དེ། ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུ་བ་དང་། མཉམ་ཤུགས་གྲུབ་པར་བྱས་ནས། ཞིང་ཆེན་དང་རང་སྐྱོང་ལྗོངས་ལྔའི་སྐྱེ་ཁམས་ཁོར་ཡུག་ཆུ་ཚད་མཐོ་བའི་ངང་སྲུང་སྐྱོབ་བྱེད་པ་དང་དབྱར་རྩྭ་དགུན་འབུའི་ཐོན་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་རམ་འདེགས་བྱེད་རྒྱུ་དེ་རེད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་ཡིས་ཤིས་ཚིག་ཕུལ། རྒྱལ་ཁབ་ནགས་རྩྭ་ཅུའུ་ཡི་རིམ་པ་དང་པོའི་སྐོར་ཞིབ་པ་སུང་ཀྲུང་ཧྲན་གྱིས་གཏམ་བཤད།
ཚོགས་ཐོག་ནས་ཞིང་ལྗོངས་ལྔའི་དབྱར་རྩྭ་དགུན་འབུའི་ཐོན་ལས་སྲུང་སྐྱོབ་མནའ་འབྲེལ་གྲོས་འགོ་དང་སྒྲིག་ཡིག མནའ་འབྲེལ་གྱི་ལས་འཛིན་དཔོན་པོ། དྲུང་ཡིག་ཆེན་མོའི་འོས་མིའི་མིང་ཐོ་དང་ཆེད་མཁས་པའི་ཨུ་ཡོན་ལྷན་ཁང་གི་མིང་ཐོར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ཞིང་ལྗོངས་ལྔའི་འབྲེལ་ཡོད་སྡེ་ཁག་སོ་སོས་རང་ས་ཁུལ་གྱི་དབྱར་རྩྭ་དགུན་འབུའི་ཐོན་ལས་འཕེལ་རྒྱས་ཀྱི་ཉམས་མྱོང་དང་དཔེ་མཚོན་བྱེད་ཐབས་ངོ་སྤྲོད་བྱས། ཁྲིན་ཏུའུ་ཀྲུང་ལུགས་གསོ་རིག་སློབ་ཆེན་གྱི་ཀའོ་ཅེན་ལེན་དང་ཀྲུང་གོའི་ཚན་རིག་གླིང་ཁུན་མེན་སྲོག་ཆགས་ཞིབ་འཇུག་ཁང་གི་དབྱང་ཏ་རུང་། ལན་ཀྲིག་འགྲིམ་འགྲུལ་སློབ་ཆེན་གྱི་ཧི་ལིས། མཚོ་སྔོན་སློབ་ཆེན་གྱི་ལིས་ཡུས་ལེན། མཚོ་སྔོན་ཞིང་ཆེན་དབྱར་རྩྭ་དགུན་འབུའི་མཐུན་ཚོགས་དང་བོད་ལྗོངས་ནག་ཆུ་གྲོང་ཁྱེར་དབྱར་རྩྭ་དགུན་འབུའི་མཐུན་ཚོགས་ཀྱི་འགན་ཁུར་མི་སྣ་བཅས་ཀྱིས། སྐྱེ་ཁམས་ཐོན་ཁུངས་སྲུང་སྐྱོབ་དང་སྨན་བཀོལ་རིན་ཐང་ཞིབ་འཇུག ཚད་ལྡན་ཚོང་གཉེར་སོགས་ལ་དམིགས་ནས་བརྗེ་རེས་གཏམ་བཤད་བྱས།
ཚོགས་ཐོག་ནས་བསྟན་དོན། ཞིང་ལྗོངས་ལྔའི་རི་ཆུ་འདྲེས་ཤིང་མིའི་བར་གྱི་འབྲེལ་བ་བཟང་ལ། དབྱར་རྩྭ་དགུན་འབུའི་ཐོན་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་རྒྱུ་ནི་ཕྱོགས་སོ་སོའི་གཡོལ་ཐབས་མེད་པ་དང་འགོར་འགྱངས་ཅུང་ཙམ་ཡང་བྱེད་མི་རུང་བའི་འགན་འཁྲི་ཡིན་ཟེར། ཚོགས་ཐོག་ཏུ། ལག་གདང་སྦྲེལ་ནས་ལས་རིགས་རང་གཅུན་ལ་ཤུགས་སྣོན་དགོས། རང་ངོས་ལྟ་སྐུལ་དང་རང་ངོས་དོ་དམ་བྱེད་པ་དང་། ཚད་གཞི་མ་ལག་འཐུས་ཚང་དུ་གཏོང་བ། ཚོང་རའི་སྒྲིག་ལམ་ཚད་ལྡན་དུ་བསྒྱུར་བ། མཉམ་འབྲེལ་རྐྱེན་སྲོལ་འཛུགས་པ། ཆ་འཕྲིན་བརྗེ་རེས་ལ་ཤུགས་བསྣན་ནས། ཐོན་ལས་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས། ལག་གདང་སྦྲེལ་ནས་མང་ཚོགས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་དགོས། དྲིལ་སྒྲོག་གི་སྣེ་ཁྲིད་དང་རྩ་འཛུགས་དོ་དམ་ལ་ཤུགས་སྣོན་པ་དང་། གསོ་སྦྱོང་ལ་རྩ་འཛུགས་བྱེད་པ། མང་ཚོགས་ཀྱི་ཚན་རིག་དང་མཐུན་པའི་བརྐོ་འཐུ་ལ་སྣེ་ཁྲིད་བྱེད་པ། ཁུལ་ཁོངས་ཀྱི་སྤྱི་སྤྱོད་ཚོང་རྟགས་གསར་སྐྲུན་བྱས་ནས། དབྱར་རྩྭ་དགུན་འབུའི་ཁྱད་དུ་འཕགས་པའི་རི་སྐྱེས་ཐོན་ཁུངས་དེ་རོང་འབྲོག་དམངས་ཀྱི་ཡོང་འཕར་ཕྱུག་བསྒྱུར་བྱེད་པའི་གསེར་གྱི་ལྡེ་མིག་ཏུ་བསྒྱུར་དགོས། ལག་གདང་སྦྲེལ་ནས་ཐོན་ལས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས། ཐོན་སྐྱེད་སྣེ་དང་མཁོ་འདོན་སྣེ། ཚོང་རའི་སྣེ། ཚོང་རྟགས་སྣེ་བཅས་ཀྱི་གཅིག་འདོམས་ཇུས་འགོད་ལ་དམིགས་ནས། རྟོག་ཞིབ་གཏིང་ཟབ་བྱེད་པར་དོ་སྣང་བྱེད་པ་དང་། ཚན་རྩལ་གྱི་འགག་སྒྲོལ་ལ་ཤུགས་སྣོན་པ། གླེང་ཕྱོགས་ཀྱི་སྣང་ཚུལ་བསྐྲུན་ནས། རྒྱུན་མཐུད་བདེ་ཐང་གི་ཐོན་ལས་མ་ལག་སྐྱེད་སྲིང་བྱེད་དགོས། ལག་གདང་སྦྲེལ་ནས་ཐོན་ཁུངས་སྲུང་སྐྱོབ་ལ་ཤུགས་སྣོན་དགོས། རྒྱུན་རྣམ་སྒོས་ཐོན་ཁུངས་ཁྱབ་བཤེར་དང་ལས་རིགས་བསྡོམས་རྩིས་བྱ་བ་སྤེལ་བ་དང་། དབྱར་རྩྭ་དགུན་འབུའི་རིགས་སྣར་རྒྱུས་ལོན་གསལ་བོ་བྱེད་པ། ཐོན་ཁུངས་ཁྱབ་ཚུལ་གྱི་དཔེ་རིས་འཛུགས་པ། ཚན་རིག་ཞིབ་འཇུག་གི་ཞིབ་བཤེར་མཆན་འགོད་གཟབ་ནན་བྱས་ཏེ། རང་བྱུང་ཁམས་ཆེན་མོས་བསྩལ་བའི་ཐོན་ཁུངས་རྩ་ཆེན་སྲུང་སྐྱོབ་བྱེད་དགོས། ལག་གདང་སྦྲེལ་ནས་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་བརྩོན་ལེན་བྱེད་དགོས། མནའ་འབྲེལ་བརྒྱུད་དེ་མཉམ་ཤུགས་གཅིག་ཏུ་བསྡུ་བ་དང་། སྲིད་ཇུས་ཀྱི་མ་དངུལ་དང་སྨན་ཟས་ཁུངས་གཅིག་གི་དཀར་ཆག་ཁྲོད་འཇོག་པ། ཚད་ལྡན་འཛུགས་སྐྲུན་སོགས་ཕྱོགས་ནས། རྒྱལ་ཁབ་ཀྱི་རྒྱབ་སྐྱོར་དང་རོགས་སྐྱོར་བརྩོན་ལེན་བྱེད་དགོས་པའི་གྲོས་འགོ་བཏོན།
ཞིང་ལྗོངས་ལྔའི་ནགས་རྩྭ་སྡེ་ཁག་དང་དབྱར་རྩྭ་དགུན་འབུའི་མཐུན་ཚོགས། ལས་རིགས་ཆེད་མཁས་པ། ཁེ་ལས་ཀྱི་འཐུས་ཚབ། མཚོ་སྔོན་ཞིང་ཆེན་གྱི་དབྱར་རྩྭ་དགུན་འབུའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐིན་རིམ་པའི་མཉམ་འབྲེལ་གྲོས་ཚོགས་ལམ་ལུགས་ཀྱི་ཁོངས་གཏོགས་སྡེ་ཁག་གི་འགན་ཁུར་མི་སྣ་བཅས་གྲོས་ཚོགས་ལ་ཞུགས།
རིན་ཆེན་མཚོས་བསྒྱུར།