ཟླ9པའི་ཚེས27ཉིན་གྱི་སྔ་དྲོར། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་པེ་ཅིང་དུ་བསྡུས་པ་དང་། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ལས་ཁུངས352དང་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མི་སྣ368ལ་གཟེངས་བསྟོད་ཐོབ། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་ལ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ལས་ཁུངས་ཞེས་པའི་མཚན་སྙན་གནང་།
མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་ནི་ཀྲུང་གོ་གསར་པ་དབུ་བརྙེས་རྗེས་ཆེས་ཐོག་མར་བཙུགས་པའི་ཞིང་ཆེན་རིམ་པའི་བོད་སྐད་རླུང་འཕྲིན་ཡིན་པ་དང་། ཨ་མདོའི་སྐད་ཀྱིས་སྙན་སྒྲོན་བྱེད་པའི་ཞིང་ཆེན་རིམ་པའི་རླུང་འཕྲིན་གཅིག་པུ་ཡིན། ད་ལྟ་ལས་བཟོ་པ39ཡོད་ཅིང་། དེའི་ནང་མཐོ་རིམ་གཞོན་པའི་ཡན་གྱི་ཆེད་ལས་ལག་རྩལ་མི་སྣ11དང་། གུང་ཁྲན་ཏང་ཡོན12ཡོད་ལ། རིགས་སྣ་ཚོགས་ཀྱི་ལེ་ཚན16ཡོད་པ་དང་ཉིན་ཧྲིལ་བོའི་སྒྲ་གཏོང་ཚད་དུས་ཚོད17དང་སྐར་མ10ཡིན། ཉན་མཁན་དག་ནི་མཚོ་སྔོན་དང་བོད་ལྗོངས། ཀན་སུའུ། སི་ཁྲོན། ཡུན་ནན་བཅས་ཞིང་ལྗོངས་ལྔའི་ས་ཁུལ་གྱི་ཉན་མཁན་ས་ཡ་གསུམ་ཙམ་ལ་ཁེབས་ཡོད་ཅིང་། རྒྱལ་ཡོངས་ཀྱི་བོད་རིགས་ཀྱི་སྤྱིའི་མི་གྲངས་ཀྱི་ཕྱེད་ཀའི་ཡན་ཟིན་ཡོད། སྒྲ་གཏོང་འགོ་བརྩམས་ནས་ལོ་ངོ72འགོར་བའི་རིང་ལ། ཏང་གི་ཐུགས་ཁུར་ཟབ་མོའི་འོག ཐོག་མཐའ་བར་གསུམ་དུ་རྣམ་དག་གིས་ཏང་གི་མི་རིགས་སྐད་ཀྱི་སྨྱན་བྱད་ཀྱི་འགན་འཁྲི་ཁག་ཁུར་ལག་བསྟར་བྱས་ཤིང་། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དེ་གསར་འགྱུར་དྲིལ་སྒྲོག་བྱ་བའི་བརྒྱུད་རིམ་ཧྲིལ་བོར་ཁྱབ་པར་བྱས་ཏེ། མཉམ་གནས་བཞི་ཡི་ཐུན་མོང་འདུ་ཤེས་དེ་གཙང་གསུམ་འབྱུང་ཡུལ་གྱི་རིགས་སོ་སོའི་མང་ཚོགས་ཀྱི་སེམས་ཀྱི་ཟབ་སར་སིམ་པར་བྱས། སྔ་རྗེས་སུ་རྒྱལ་ཡོངས་རྒྱང་སྒྲོག་གློག་བརྙན་བརྙན་འཕྲིན་ཁོངས་གཏོགས་ཀྱི་སྔོན་ཐོན་ལས་ཁུངས་དང་མཚོ་སྔོན་ཞིང་ཆེན་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་ལས་ཁུངས་སོགས་ཀྱི་མཚན་སྙན་ཐོབ་མྱོང་།
རྣམ་དག་སེམས་པ་ཏང་ལ་ཕྱོགས། ། ཏང་གཤིས་རྩ་དོན་ལག་ལེན་བསྟར། །
ལོ་མང་པོའི་རིང་ལ། མཚོ་སྔོན་བོད་སྐད་རླུང་འཕྲིན་གྱིས་ཏང་གི་བཀའ་ལ་ཉན་པ་དང་ཏང་ལ་དྲིན་གཟོ་བ། ཏང་གི་རྗེས་སུ་འབྲངས་པ། ཆབ་སྲིད་ཀྱི་འདུ་ཤེས་བརྟན་ཅིང་བྱེད་སྒོའི་བྱང་ཚད་མཐོ་བ། སྤྱོད་ཚུལ་ལེགས་པ་བཅས་ཀྱི་མི་རིགས་སྐད་ཀྱི་ཏང་གི་སྨྱན་བྱད་ཀྱི་དཔུང་སྡེ་ཞིག་བཙུགས། སྲོག་ཤིང་ལ་གོང་བཀུར་བྱས་པ་སྟེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་ལ་གཏིང་ཟབ་ཏུ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་པ་དང་། བློ་བརྟན་འགྱུར་མེད་ཀྱིས་གཏན་ཕབ་གཉིས་ལ་གོང་བཀུར་དང་སྲུང་སྐྱོང་གཉིས་བཟང་བོར་སྒྲུབ་པ་དེ་སྲོག་རྩར་བཟུང་ནས། ཁ་ཕྱོགས་དམ་འཛིན་དང་གཡུལ་སར་བདག་དམ། ནང་དོན་ལེགས་སྒྱུར། དཔུང་སྡེ་འཛུགས་སྐྲུན་བཅས་ཀྱི་བྱ་བ་སྣ་ཚོགས་སྲ་བརྟན་དུ་བཏང་། རང་འགན་གཙང་སྒྲུབ་བྱས་པ་སྟེ། བསྟུད་མར་ཏང་འཛུགས་ཀྱིས་བྱེད་སྒོའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་གསར་གཏོད་ལག་ལེན་ལ་སྐུལ་འདེད་བཏང་བ་དང་། བོད་སྐད་ཀྱི་རྩོམ་སྒྲིག་ཞུ་དག་ཨུ་ལྷན་དང་བོད་སྐད་ལོ་ཙཱའི་ཞུ་དག་གཏན་འབེབས་ཚན་ཆུང་གི་གཞོགས་འདེགས་ལ་བརྟེན་ནས། ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་དང་གླེང་ཕྱོགས་ཁྲིད་སྟོན་ཁོང་དུ་ཆུད་པར་བྱས་པ་དང་། དྲིལ་སྒྲོག་གལ་ཆེན་དང་གནད་འགག་གི་དུས་སྐབས་སུ་ཏང་ཡོན་གྱིས་སྣེ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱས་ཏེ་ཏང་གི་གསུང་སྐད་དེ་གཙང་གསུམ་འབྱུང་ཡུལ་གྱི་ས་ཁོངས་ཆེན་མོར་བསྒྲགས། ཁ་ཕྱོགས་བཞི་དང་ལག་ལེན་བཞི་དམ་འཛིན་བྱས་པ་སྟེ། འགྲོ་ནུས་དང་ལྟ་ནུས། བསམ་ནུས། འབྲི་ནུས་བཅས་སྦྱོང་བརྡར་བྱས་ནས་དོ་དམ་ཞིབ་ཚགས་ཅན་དང་ལེ་ཚན་སྤུས་དག་ཅན། དཔུང་སྡེ་ཆེད་ལས་ཅན་བཅས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་བས། ཕུལ་བྱུང་ལེ་ཚན་དང་གསར་འགྱུར་བཟང་བོ། འཆར་འགོད་བཟང་བོ་སོགས་ཀྱི་དཔྱད་འདེམས་ཁྲོད་དུ། བརྩམས་ཆོས30ལྷག་ལ་ཞིང་ཆེན་དང་པུའུ་རིམ་པ་ཡན་གྱི་བྱ་དགའ་ཐོབ།
ཏང་གི་གསུང་སྐད་དུས་ལྟར་བསྒྲགས།། གཙོ་འཛིན་དགོངས་པ་མྱུར་བར་བཀྲལ། །
ལོ་ངོ་དུ་མའི་རིང་ལ། མཚོ་སྔོན་བོད་སྐད་རླུང་འཕྲིན་གྱིས་ཏང་གི་གཞུང་ལུགས་དང་ལམ་ཕྱོགས། བྱེད་ཕྱོགས། སྲིད་ཇུས་བཅས་དྲིལ་སྒྲོག་བྱེད་པའི་དམིགས་བསལ་གྱི་གཡུལ་ས་བསྐྲུན་ཡོད། ལྟེ་གནད་དྲིལ་སྒྲོག་མངོན་གསལ་དོད་པོ་ཡོང་བར་བྱས་པ་སྟེ། གཙོ་འཛིན་གྱི་དགོངས་པ་དྲིལ་བསྒྲགས་བྱ་རྒྱུ་དེ“ལས་འགན་དང་པོར”བརྩིས་ནས། ཀྲུང་དབྱང་རླུང་འཕྲིན་གྱི《རྒྱལ་ཡོངས་གསར་འགྱུར་མཉམ་སྒྲོག》བོད་སྐད་དུ་སྒྱུར་གཏོང་ཡག་པོ་བྱས་པ་དང་། 《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་མཛུབ་སྟོན་འོག་ཏུ། དུས་རབས་གསར་པའི་ནང་དུ་བྱས་རྗེས་གསར་པ་འཇོག་པ་དང་ལེའུ་གསར་པ་རྩོམ་དགོས》དང་། 《མངགས་བཅོལ་སེམས་སུ་འཛིན། དངོས་སྒྲུབ་དངོས་གཉེར་བྱེད》 《ཏང་གི་དྲིན་ལན་རྣམ་དག་སེམས་ཀྱིས་འཇལ།། སྤྱི་ཁྱབ་ཧྲུའུ་ཅིར་བཀའ་དྲིན་སྙིང་ནས་ཞུ》སོགས་གཙོ་གནད་ཆེད་སྒྲིག་ལེ་ཚན་དང་གནས་ཚུལ་གཏོང་སྤེལ་བྱས་ལ། “བདེ་སྐྱིད་འཚོ་བ་དགའ་བས་གླེང”“གངས་ལྗོངས་ཀྱི་རྒྱང་སྐྱོད་གསར་པ”སོགས་བཅར་འདྲིའི་བྱེད་སྒོ་ཆེ་གྲས་ཐེངས་མང་སྤེལ་ཏེ། གཙང་པོའི་འབྱུང་ཡུལ་གྱི་བུ་དང་བུ་མོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་སྙིང་ནས་བཀུར་བ་མཚོན་པར་བྱས་པ་དང་། མི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱིས་བློ་སེམས་གཅིག་མཐུན་ངང་བསམ་པ་ཏང་ལ་ཕྱོགས་པ་དང་དཀའ་སྤྱད་མཉམ་འབད་བྱེད་པའི་མཛེས་སྡུག་ལྡན་པའི་ཉམས་སྣང་གཟུགས་ཅན་བཞིན་དུ་བསྟན་ཡོད། མི་རིགས་མཐུན་སྒྲིལ་ལས་དོན་ལ་ཤུགས་ཆེན་པོ་བཏོན་པ་སྟེ། “གཅིག་མཐུན་ཚོགས་པ་བརྟན་པོར་བསྐྲུན། ཀྲུང་ཧྭ་ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་པ་དང་། “མེས་རྒྱལ་མཛེས་སྡུག་ལྡན། ཕ་ཡུལ་ཧ་ཅང་མཛེས”ཞེས་པའི་བརྗོད་དོན་དྲིལ་སྒྲོག་བྱས་པ་དང་། ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་དྲིལ་སྒྲོག་ཟབ་མོ་བྱས་ལ། 《ཏང་ཡོན་བརྒྱས་ཏང་གི་བཀའ་དྲིན་གླེང་བ》ཞེས་པ་སོགས་ཕུལ་བྱུང་ལེ་ཚན་ཁག་ཅིག་བསྒྲུབས་པར་མ་ཟད། པཎ་ཆེན་སྐུ་ཕྲེང་བཅུ་པ་དང་དགེ་བཤེས་ཤེས་རབ་རྒྱ་མཚོ་སོགས་རྒྱལ་གཅེས་ཆོས་གཅེས་ཀྱི་དཔེ་མཚོན་དྲིལ་སྒྲོག་ཤུགས་ཆེན་བྱས་ལ། “མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་སློབ་ར་ནས་སྤེལ་བ”སོགས་སྤྱི་ཚོགས་ཀྱི་བྱེད་སྒོ་ཁག་ཅིག་རིམ་པར་སྤེལ་ནས། མི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱིས་རླབས་ཆེན་མེས་རྒྱལ་དང་ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ལ་ཚད་མཐོའི་མོས་མཐུན་བྱེད་པ་དང་ལྷག་བསམ་ཟོལ་མེད་ཀྱིས་དགའ་ཞེན་བྱེད་ལུགས་ལེགས་པར་མཚོན་ཡོད།
ཏང་གཅེས་རྒྱལ་གཅེས་ཀྱི་དབྱངས་རྟ་ངག་ཏུ་གྱེར། ། མི་རིགས་མཐུན་སྒྲིལ་གྱི་ལས་དོན་འབད་པས་བསྒྲུབས།།
ལོ་ངོ་མང་པོའི་རིང་ལ། མཚོ་སྔོན་བོད་སྐད་རླུང་འཕྲིན་གྱིས་གྲངས་ཉུང་མི་རིགས་ཀྱི་ཉན་མཁན་ཚོའི་དགའ་བསུ་ཐོབ་པའི་དྲིལ་སྒྲོག་སྟེགས་བུ་ཞིག་བསྐྲུན། རིག་གནས་གོང་སྤེལ་ལ་རྩེ་གཅིག་ཏུ་གཞོལ་བ་སྟེ། ལོ་རྒྱུས་ལྔའི་དྲིལ་སྒྲོག་སློབ་གསོ་སྤེལ་ལ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ལག་བསྟར་དང་དར་སྤེལ་བཏང་བ་དང་། སྔ་གཞུག་ཏུ་བོད་སྐད་ཀྱི་རླུང་འཕྲིན་ཟློས་གར《བསྟོད་གླུ་སྙན་མོ་ཡང་བསྐྱར་ཏང་ལ་འབུལ》ཞེས་པ་དང《གངས་རིས་བརྗེད་མི་སྲིད་པའི་མི་བུ་ཐའོ་ཀྲིན་ཧྭ》《མཐིང་མདོག་གི་རྨི་ལམ》སོགས་བརྩམས་ལ། 《ཁྲི་ཤོར་རྒྱལ་མོའི་བསྟོད་གླུ》དང《གཏེར་འབྱུང་མདོ་ལ་རིང་མོ》སོགས་རིག་རྩལ་དགོང་ཚོགས་མང་པོ་བསྡུས་ཏེ། ཀྲུང་ཧྭ་མི་རིགས་སྤྱི་ལ་དབང་བའི་བསམ་པའི་ཁྱིམ་གཞི་དེ་སྔར་ལས་གཟུགས་ལྡན་དང་ཚོར་ལྡན། ཕན་ལྡན་བཅས་ཡོང་བར་བྱས། ཞབས་ཞུའི་རྒྱུ་སྤུས་མཐོར་འདེགས་བཏང་བ་སྟེ། འགན་འཁྲི་བསམ་པ་དང་ཚད་གཞི་མཐོ་བ། ཁྱད་ཆོས་ལྡན་པ་བཅས་ཀྱི་ལེ་ཚན་རྒྱུན་མཐུད་ངང་གསར་གཏོད་ལེགས་སྐྲུན་བྱས་པ་དང་། བློ་སེམས་རྩེ་གཅིག་གིས《གངས་ལྗོངས་གསེར་ཟམ》དང《བར་སྣང་འཕྲིན་གྱི་ཕོ་ཉ》《ན་ཆུང་བྱིས་པའི་དགའ་ཚལ》སོགས་མཚན་སྙན་ཆེ་བའི་ལེ་ཚན་བཟང་བོར་བསྒྲུབས། པྲོག་གསར་རིམས་ནད་འགོག་སྡོམ་དང་གློ་བུར་བྱུང་བའི་རང་བྱུང་གནོད་འཚེ་ལ་ཁ་གཏད་འཇལ་པའི་ཁྲོད། ཁུངས་བཙན་ཆ་འཕྲིན་འདོན་སྤྲོད་བྱེད་པར་ཤུགས་བསྣན་པ་དང་། སྤྱི་ཚོགས་ཀྱི་སེམས་ཁྲལ་བྱེད་པའི་གནད་དོན་ལ་ལན་བཏབ་སྟེ། དམངས་སེམས་ཏང་ལ་ཕྱོགས་པ་དང་དཀའ་ཁག་མཉམ་སེལ་བྱེད་པའི་དྲང་ཕྱོགས་ཀྱི་ནུས་ཚད་ཆེན་པོ་གཅིག་ཏུ་བསྡུས། མི་རིགས་ཀྱི་རིག་གནས་དར་སྤེལ་བཏང་བ་སྟེ། གླིང་རྗེ་གེ་སར་རྒྱལ་བོའི་སྒྲུང་དཔེ་ང་བཞི་སྒྲ་བླངས་པར་ཆུ་ཚོད500ཙམ་ཡོད་ལ། བོད་ཀྱི་གསོ་རིག་རིག་གནས་དང་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དང་རྩོམ་རིག་སྒྲོག་སྤེལ་བྱས་ཤིང་། ལ་གཞས་འགྲན་སྡུར་དང་རྡུང་ལེན་འགྲན་སྡུར། བོད་ཀྱི་གཏམ་དཔེ་འགྲན་སྡུར་སོགས་བསྡུས་ནས། མི་རིགས་སོ་སོའི་ཕུལ་བྱུང་རིག་གནས་ཀྱི་མཛེས་པ་ངོམས།
ཐུན་མིན་ཁྱད་ཆོས་ལེགས་པར་བཏོན།། སྨྱན་སྦྱོར་གསར་པའི་ལམ་དུ་ཞུགས།།
ལོ་ངོ་དུ་མའི་རིང་ལ། མཚོ་སྔོན་བོད་སྐད་རླུང་འཕྲིན་གྱིས་མི་རིགས་སྐད་ཡིག་གི་ཏང་གི་སྨྱན་བྱད་ཀྱི་དོན་དངོས་དང་འཚམ་པའི་སྨྱན་བྱད་མཉམ་འདྲེས་གཏིང་ཟབ་ཀྱི་བགྲོད་ལམ་ཞིག་ངང་གིས་འཚོལ་ཞིབ་བྱས་ཡོད། ས་ཁོངས་མཉམ་ལས་གཏིང་ཟབ་ཏུ་བཏང་བ་སྟེ། ཀྲུང་དབྱང་བོད་སྐད་རླུང་འཕྲིན་དང་བོད་སྐད་རླུང་འཕྲིན་ལས་ཁུངས་གཞན་སོགས་དང་མཉམ་དུ། མཚོ་སྔོན་དང་བོད་ལྗོངས། ཀན་སུའུ། སི་ཁྲོན། ཡུན་ནན་བཅས་ཀྱི་བོད་འབྲེལ་ས་ཁུལ་དུ་སོང་ནས“ཤེས་དཔལ་གྱི་ལམ། བདེ་སྐྱིད་ཀྱི་གཏམ”དང“མཚོ་སྔོན་གསར་པའི་གཟི་དཔལ”སོགས་རིམ་པ་ལས་བརྒལ་བ་དང་ས་ཁོངས་ལས་བརྒལ་བའི་བཅར་འདྲིའི་བྱེད་སྒོ་སྤེལ་ནས་མཚོ་སྔོན་དང་ཀན་སུའུ། སི་ཁྲོན་བཅས་ཀྱི་བོད་སྐད་སྨྱན་བྱད་འབྲེལ་མཐུད་མཐུན་སྦྱོར་ལམ་སྲོལ་ཁྲོད་རང་འགུལ་ངང་ཞུགས་ཏེ། ཁུལ་དང་རྫོང་སོ་སོའི་ཏང་ཨུའི་སྲིད་གཞུང་དང་གཞི་རིམ་གྱི་ས་ཚིགས་དང་མཉམ་ལས་འབྲེལ་གཏུག་ལ་ཤུགས་བསྣན་ནས། ཕྱོགས་མང་བ་དང་གཏིང་ཟབ་པ། ཁྱབ་རྒྱ་ཆེ་བ་བཅས་ཀྱི་སྒོ་ནས་མི་རིགས་ས་ཁུལ་གྱི་དུས་རབས་ཀྱི་རྣམ་པ་གསར་པ་མངོན་གང་ཐུབ་བྱས། ཁོངས་བརྒལ་གོང་འཕེལ་ལ་སྐུལ་འདེད་བཏང་བ་སྟེ། བོད་སྐད་རླུང་འཕྲིན་གྱི་སྨྱན་བྱད་གསར་པའི་རྣམ་པ་བསྐྲུན་ཡོད་ལ། “རླུང་འཕྲིན་མཐོང་རུང་ཅན་གྱི་སྨྱན་བྱད་མཉམ་འདྲེས”ལས་གཞི་ལ་སྐུལ་འདེད་བཏང་ནས། ནང་དོན་རྩེ་གྲ་ཚང་མ་མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་སྟེགས་བུ་དང་གངས་ལྗོངས་མེ་ལོངAPPབརྒྱུད་དེ་ཁྱབ་སྤེལ་བྱས་པའི་དབང་གིས། ཁྱབ་སྤེལ་ནུས་པ་དང་ཤུགས་རྐྱེན་རྒྱུན་ཆད་མེད་པར་མངོན་སུམ་གྱིས་ཆེ་རུ་ཕྱིན་ཡོད། དྲ་ཐོག་གི་མཁོ་སྤྲོད་སྔར་ལས་ཇེ་མང་དུ་བཏང་བ་སྟེ། 《ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུ་སློབ་སྦྱོང་ཟུར་ཁྲིད་ཀྱི་དྲི་བ་བརྒྱ་རྩ》ཞེས་པ་རྒྱ་ཡིག་ནས་བོད་ཡིག་ཏུ་ཆ་ཚང་བའི་སྒོ་ནས་བསྒྱུར་ཏེ་བསྟུད་འགོད་བྱས་པ་དང་། དེའི་སྨྱན་བྱད་གསར་པའི་སྟེགས་བུའི་ཀློག་གྲངས་མི་ཐེངས་ས་ཡ་གཅིག་ལས་བརྒལ་ཡོད་ལ། “རྡུང་ལེན་འགྲན་སྡུར”སྐབས་བདུན་པའི་སྨྱན་བྱད་གསར་པའི་སྟེགས་བུའི་བལྟས་ཚད་མི་ཐེངས་བྱེ་བ་བདུན་ལས་བརྒལ་ཏེ། མཉམ་འབྲེལ་དྲ་རྒྱ་འདི་ཉིད་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་བའི་སྟོབས་ཤུགས་གསར་པ་ཞིག་ཏུ་འགྱུར་བར་བྱས།
སྐྱོད་ལམ་གསར་པའི་སྟེང་དུ། མཚོ་སྔོན་བོད་སྐད་རླུང་འཕྲིན་གྱིས་གཙོ་འཛིན་གྱི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་པར་བྱས་ཏེ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་བྱེད་ཕྱོགས་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་། “ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། བློ་སེམས་མཐུན་པོས་ཀྲུང་གོའི་ཕུགས་འདུན་བསྐྲུན“ཅེས་པའི་བརྗོད་དོན་གཙོ་བོ་ངག་ཏུ་གྱེར་ཏེ། མི་སེམས་གཅིག་སྡུད་དང་མཐུན་སྒྲིལ་འབད་འཐབ་ཀྱི་བསམ་པའི་འབྲེལ་ཟམ་ཆེན་པོ་ཞིག་བསྐྲུན་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བརྗིད་ཉམས་ཆེ་བའི་སྟོབས་ཤུགས་གཅིག་སྡུད་བྱ་རྒྱུ་རེད།
བསོད་ནམས་ཚེ་རིང་དང་བན་དེ་སྐྱབས། རིན་ཆེན་འཚོ་བཅས་ཀྱིས་བསྒྱུར།